༄༅། །ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་དབང་གིས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་ཐོག་ཨི་ཊ་ལི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཨེན་ཌི་རེ་ཡ་ཌི་པི་རི་ཡ་མོ་ (Andrea De Priamo) མཆོག་གིས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་གཏོང་དགོས་པ་དང་། བོད་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་དགོས་པའི་གསལ་བསྒྲགས་སྤེལ་ཡོད།
དེ་ཡང་ཕྱི་ལོ་ ༡༩༩༥ ཟླ་བ་ ༥ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཉིན་ཁ་ཤས་རྗེས་སུ་དགུང་ལོ་དྲུག་ལས་མ་སོན་པའི་པཎ་ཆེན་རིན་པོ་ཆེ་མཆོག་དང་། ཁོང་གི་ནང་མི་བཅས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཡོད། དེ་ནས་བཟུང་ཁོང་ཚོའི་གནས་སྟངས་སྐོར་ཡིད་ཆེས་འཕེར་བའི་གནས་ཚུལ་གང་ཡང་མཁོ་སྤྲོད་བྱས་མེད། གྲོས་ཚོགས་གོང་མའི་འཐུས་མི་ཌི་པི་རི་ཡ་མོ་མཆོག་གིས་གནད་དོན་འདི་ནི་དེང་རབས་ལོ་རྒྱུས་ནང་བཙན་དབང་གིས་གར་སོང་ཆ་མེད་དུ་གྱུར་པའི་གནད་དོན་ཡུན་རིང་ཤོས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་ཚབས་ཆེའི་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་ཞིག་ཡིན་པ་གསལ་སྟོན་གནང་ཡོད།
གྲོས་ཚོགས་གོང་མའི་འཐུས་མི་ཨེན་ཌི་རེ་ཡ་ཌི་པི་རི་ཡ་མོ་མཆོག་གིས་པཎ་ཆེན་རིན་པོ་ཆེའི་ཚབ་ཏུ་རྒྱ་ནག་གཞུང་གིས་གཞུང་ནས་འདེམས་སྒྲུག་བྱས་པའི་མི་སྣ་ཞིག་བསྐོ་བཞག་བྱས་ཡོད། འདི་ནི་ཆོས་ཕྱོགས་ཀྱི་ཆ་ནས་ཡང་དག་པའི་ངོས་འཛིན་མེད་ཅིང་། བོད་མི་མང་ཆེ་བས་ངོས་ལེན་མི་བྱེད་པ་ཞིག་ཡིན། འདི་ནི་མ་འོངས་པར་བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཐོག་ཆབ་སྲིད་ཀྱི་སྟངས་འཛིན་བྱེད་རྒྱུའི་དམིགས་ཡུལ་གསལ་པོ་ཡོད་པ་ཞིག་རེད། ཅེས་གསུངས།
ཁོང་གིས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མཆོག་དང་། ཁོང་གི་ནང་མི་བཅས་ཀྱི་གནས་ཡུལ་དང་། བདེ་ཐང་གི་གནས་སྟངས་གསལ་སྟོན་བྱེད་དགོས་པ་དང་། ཆོས་ལུགས་དང་རིག་གཞུང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཚུད་པའི་བོད་མི་ཚོའི་རྩ་བའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་ཞེས་འབོད་སྐུལ་ཞུས་ཡོད།
དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་། རྒྱལ་ཁབ་ཁག་གི་གཞུང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་བཅས་ལ་གནད་དོན་འདིའི་ཐོག་གཞུང་འབྲེལ་འབྲེལ་ལམ་དང་། མང་ཚོགས་ཀྱི་རྒྱབ་སྐྱོར་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་བཅས།།