
ས་གནས་ནས་ཕེབས་བསུའི་སྣེ་ལེན་གྲུབ་པ་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་གོང་འཁོད་ས་གནས་ཀྱི་གནད་ཡོད་མི་སྣ་ཁྱོན་མི་གྲངས་ཉི་ཤུ་ཙམ་ཞིག་འདུ་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ། ས་གནས་འགོ་འཛིན་ནས་ཚོགས་འདུ་དབུ་འཛུགས་དང་། སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་གནང་གྲུབ་མཚམས། ས་གནས་བོད་མི་རྣམས་ཀྱི་ཡིག་ཆའི་དཀའ་ངལ་དང་། བོད་ཕྲུག་རྣམས་ཀྱི་སློབ་སྦྱོང་དང་ལས་ཀའི་གོ་སྐབས། གཞིས་ཆགས་སྲ་བརྟན་གྱི་གནས་བབ། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དང་འབྲེལ་བའི་ཐོག་དོགས་འདྲི་སོགས་བརྗོད་གཞི་ཁག་ཇི་སྙེད་ཅིག་གི་ཐོག་རྒྱུས་ལོན་དང་བསམ་ཚུལ་བསྡུ་རུབ། དེ་བཞིན་གསལ་བཤད་དང་ལན་འདེབས་སོགས་དུས་ཡུན་ཆུ་ཚོད་གཉིས་ལྷག་གནང་། དེ་རྗེས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་བརྟན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་ལྷན་ཚོགས་འདུ་གྲོལ་འདུག
བཞུགས་མོལ་ཚོགས་འདུ་གྲུབ་མཚམས་ས་གནས་འགོ་འཛིན་གྱི་ལས་ཁུངས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། བཟོ་གྲྭའི་ལས་ཁུངས་དང་ཚོང་ཁང་། དེ་བཞིན་པར་རིས་འགྲེམས་སྟོན་བཅས་སུ་གཟིགས་སྐོར་དང་རྒྱུས་ལོན་གནང་། ཉིན་རྒྱབ་སླར་ཡང་ SOS Children’s Villages སློབ་གྲྭའི་སྡེ་ཚན་ཁག་གསུམ་དང་། ཤྲཱི་དགའ་ལྡན་དར་རྒྱས་གླིང་གྲྭ་ཚང་གི་དགོན་པ། དེ་བཞིན་ས་གནས་སྨན་རྩིས་ཁང་བཅས་སུ་ཆེད་བཅར་གནང་སྟེ་མང་ཚོགས་ཀྱི་བདེ་སྡུག་ལ་གཟིགས་ཞིབ་མཐིལ་ཕྱིན་གནང་ཡོད་པ་བཅས། །






