

དེ་ཡང་མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་ཐོག་མར་འཚམས་འདྲི་དང་། དེ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཅེས་པའི་ཕྱག་དེབ་ཕུལ་བ་དང་སྦྲགས། མངའ་སྡེའི་གྲོས་ཚོགས་འཐུས་མི་ཁོང་གིས་དུས་ཡུན་རིང་པོར་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་ས་གནས་སུ་གནས་སྡོད་བོད་མི་ཚོའི་བདེ་སྡུག་ཞུས་ཁག་ལ་གཟིགས་སྐྱོང་མཐུན་འགྱུར་གང་ཐུབ་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། སླད་མར་ཡང་སྔར་བཞིན་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་དང་། ས་གནས་བོད་མི་ཚོར་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་འདུག
སྐབས་དེར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ངག་དབང་དོན་འགྲུབ་ལགས་དང་། ཚོགས་གཞོན་ཤིང་ལོ་ཚེ་རིང་ལགས། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ཚེ་རིང་ཆོས་འཕེལ་ལགས་བཅས་མཉམ་བཅར་ཞུས་འདུག
