༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལིའོ་བཅུ་བཞི་པ་མཆོག་ལ་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་དབུ་ཁྲིད་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་མཛད་འདུག
དེ་ཡང་འཚམས་འཕྲིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱིས་སྐུ་ཉིད་གོང་གི་ཡེ་ཤུའི་བླ་ཆེན་པོབ་འགའ་ཤས་དང་མཇལ་ཏེ་མཛའ་བརྩེ་ལྡན་པའི་གྲོས་མོལ་བྱ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ལ། འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྷག་རིང་། ཡེ་ཤུ་ཐེ་བའི་ཆོས་ལུགས་མི་འདྲ་བའི་སྐུ་ཚབ་རྣམ་པ་ལྷན་དུ་དོན་ཕན་ལྡན་པའི་བསམ་ཚུལ་བརྗེ་ལེན་ཞུ་རྒྱུའི་གོ་སྐབས་བྱུང་། དེ་བཞིན་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་བཟུང་བའི་ཐོག་ནས། ངོས་ཀྱིས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་སྤེལ་གཏང་རྒྱུ་དེ་ཁས་ལེན་དམ་བཅའ་གཙོ་བོའི་གྲས་སུ་ངོས་འཛིན་བྱེད་བཞིན་ཡོད། ལྷག་པར་ཕྱི་ལོ་ ༡༩༨༦ ལོར་གནས་མཆོག་ཨ་སི་སིར་བླ་ཆེན་པོབ་ཇོན་པཱོལ་གཉིས་པས་གོ་སྒྲིག་གནང་བའི་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཀྱི་ཚོགས་ཆེན་ནང་མཉམ་ཞུགས་བྱེད་རྒྱུ་བྱུང་བར་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། ཞེས་དང་།
འཛམ་གླིང་འདིར་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པའི་དུས་སྐབས་འདིར་པོབ་ལིའོ་བཅུ་བཞི་པ་མཆོག་ཡེ་ཤུའི་བླ་ཆེན་དུ་འོས་འདེམས་བྱུང་བ་དེས་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་བསྐྲུན་རྒྱུར་རེ་བ་གསར་པ་ཞིག་སྤྲད་ཡོད། ཅེས་བཀའ་སྩལ་འདུག