༄༅། །པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཆེད་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་སུད་སི་སྤྱི་མཐུན་གཞུང་ངོས་ནས་རྒྱ་གཞུང་ལ་པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་དགོས་པའི་ནན་སྐུལ་བྱེད་དགོས་པའི་བསྒྲགས་གཏམ་སྤེལ་ཡོད།
དེ་ཡང་བསྒྲགས་གཏམ་དེའི་ནང་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གཞུང་གིས་སྐབས་དེ་དུས་ལོ་ན་དྲུག་ལ་སོན་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་། སྐུ་འཁོར་ནང་མི་ལྷན་རྒྱས་བཙན་ཁྲིད་བྱས་པར་སྐྱོན་བརྗོད་གནང་ཡོད།
གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ནི་ཁོ་ལཱ་སི་ཝལ་ཌར་ (Nicolas Walder) ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གི་དམིགས་ཡུལ་ནི་གསལ་པོ་རེད། རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རིན་པོ་ཆེ་བརྒྱུད་ནས་དྲིལ་བསྒྲགས་བྱས་པ་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་ཤོག་དབང་འཛིན་པ་ཚོས་བོད་ནང་རྫུན་མའི་ཆོས་དད་རང་དབང་ཡོད་པ་ར་སྤྲོད་བྱེད་འདོད་ཡོད། ཅེས་གསུངས།
དེ་བཞིན་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་ཡུལ་ངོ་མ་ནི་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཡང་སྲིད་ངོས་འཛིན་ལ་དམ་བསྒྲགས་བྱེད་པའི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་ཀྱི་གྲ་སྒྲིག་བྱ་རྒྱུ་དེ་ཡིན། ཞེས་བརྗོད་ཡོད།
མཉམ་འབྲེལ་གྱི་བསྒྲགས་གཏམ་སྤེལ་མཁན་ཁྲོད་གྲོས་ཚོགས་འཐུས་མི་ཊི་ཡ་ན་མོ་སར་ལགས། གྲོས་ཚོགས་འཐུས་མི་ནིག་གུ་གར་ལགས། གྲོས་ཚོགས་འཐུས་མི་ཕ་བྷི་ཡན་མོ་ལི་ན་ལགས། གྲོས་ཚོགས་འཐུས་མི་ནི་ཀོ་ལ་སི་ཝལ་ཌར་ལགས། གྲོས་ཚོགས་འཐུས་མི་མ་ཡ་གྷ་རཕ་ལགས་བཅས་ཡོད།
བསྒྲགས་གཏམ་དེའི་ནང་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མཆོག་དང་། ཁོང་གི་ནང་མི་ལྷན་རྒྱས་ཀྱི་གནས་སྟངས་ཁ་གསལ་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་ཐད་ཐེ་བྱུས་མེད་པ། བོད་ནང་གི་བོད་མི་རྣམས་ལ་ཆོས་དད་རང་དབང་དང་། བོད་ཀྱི་སྐད་ཡིག་སྦྱོང་བའི་རང་དབང་དགོས་པ་བཅས་འབོད་སྐུལ་ཞུས་ཡོད།
སུད་སི་གྲོས་ཚོགས་འཐུས་མི་རྣམས་ནས་བསྒྲགས་གཏམ་དེ་སྤེལ་བར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་དགའ་བསུ་དང་སྦྲགས། མི་སྒེར་ཞིག་ལོ་ངོ་གསུམ་བཅུ་ལྷག་གར་སོང་ཆ་མེད་དུ་གྱུར་བ་ནི་འགྲོ་བ་མིའི་ཐོབ་ཐང་དང་། ཆེས་མཐོང་ལ་རྡོག་རོལ་ཚབས་ཆེན་ཞིག་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའམ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་འདི་ནི་མི་སྒེར་ཞིག་གི་ཐོབ་ཐང་ཙམ་མ་ཡིན་པར་བོད་མི་རྣམས་ཀྱི་རང་གི་ཆོས་ལུགས་དབུ་ཁྲིད་འདེམས་སྒྲུག་བྱེད་པ་དང་། དད་མོས་བྱེད་པའི་ཐོབ་ཐང་ཡིན། འདི་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལ་རྩིས་མེད་བྱས་པ་ཙམ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་ཁྲིམས་དང་འགལ་གྱི་ཡོད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་བཀུར་དང་། ལག་བསྟར་བྱེད་པའི་སྔོན་འགྲོའི་གོམ་པ་ཞིག་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ཁོང་གི་ནང་མི་གློད་བཀྲོལ་གཏོང་རྒྱུ་དེ་ཡིན། ཞེས་གསུངས། །