༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༡༢ ཉིན་ཏེ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པ་སོགས་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོར་ལྡུན་ནང་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྡེ་ར་ལྡུན་གྱི་ (IRDT) ཞེས་པའི་ཚོགས་ཁང་དུ་མཛད་སྒོ་ཞིག་ཚོགས་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྡེ་ར་ལྡུན་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས་དང་། དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་ས་བཤེར་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་ཟུར་པ་རུ་དཔོན་ཀེ་ཇི་བྷེལ་ (Brigadier K G Behl) ལགས་དང་། ཟླ་བ་ཤཱོརྱོ་ཅཀྲ་ལགས། སྤྱི་ཟུར་ཚེ་རིང་རྡོ་རྗེ་ལགས། གཞན་ཡང་སྡེ་ར་ལྡུན་ས་གནས་ཀྱི་བོད་མིའི་སྤྱི་ཚོགས་ཀྱི་འགོ་ཁྲིད་རྣམ་པ་དང་། གཞས་སྣ་འཁྲབ་སྟོན་པ་ཁག་ཅིག དེ་བཞིན་རྒྱ་གར་སྐུ་མགྲོན་བཅས་མཉམ་ཞུགས་གནང་ཡོད།
མཛད་སྒོའི་ཐོག་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས་ཀྱིས་སྡེ་ར་ལྡུན་ནང་པའི་ལྷན་ཚོགས་ནས་མཛད་སྒོ་དེ་ལྟ་བུ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བོད་མི་སྤྱི་ཚོགས་ཀྱིས་མཉམ་ཞུགས་གནང་བར་བསྔགས་བརྗོད་གནང་ཡོད། དེ་བཞིན་དེང་གི་འཁྲུག་ཆ་དོད་པའི་འཇིག་རྟེན་ནང་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་གལ་ཆེན་ཡིན་པར་ནན་བརྗོད་གནང་བ་དང་། སྤྱི་ཚོགས་འཐེན་འཁྱེར་གྱི་དུས་རབས་འདིར་སངས་རྒྱས་ཀྱི་བྱམས་སྙིང་རྗེའི་བསླབ་བྱ་དེ་སྔར་ལྷག་གལ་ཆེན་པོ་ཆགས་ཡོད་པ་གསུངས། ཁོང་གིས་མཛད་སྒོ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བ་ཡོད་པ་གསུངས་མཐར་སངས་རྒྱས་ཀྱི་བསྟན་པ་ལ་སློབ་གཉེར་དང་། ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་བ་དང་འབྲེལ་བོད་ནང་ཆོས་དང་རང་དབང་མེད་པའི་སྐོར་ཡང་མདོར་བསྡུས་ཤིག་ངོ་སྤྲོད་ཡོད།
མཛད་སྒོ་དེ་བཞིན་ཕྱེད་ཡོལ་ཆུ་ཚོད་ ༣།༡༥ ཐོག་དབུ་འཛུགས་ཀྱིས་ཕྱི་དྲོའི་ཆུ་ཚོད་ ༧།༣༠ ཙམ་ལ་མཇུག་སྒྲིལ་པ་དང་། དེ་རྗེས་འཛམ་གླིང་ཞི་བདེ་ཆེད་གོམ་བགྲོས་ (Nagar Parikrama) གནང་ཡོད་པ་བཅས།།