གཅོ་སྐྱོང་བས་ངོ་སྤྲོད་གནང་དོན། ཨི་སོལ་ཌ་མོ་རི་ལོ་ལགས་ཀྱིས་པདྨ་ཚེ་བརྟན་ལགས་ཀྱི་བརྩམས་སྒྲུང་ཐར་ལོ་དང་། དབུགས་ལྒང་གཉིས་རྒྱ་ཡིག་ནས་སི་པན་གྱི་སྐད་ཡིག་ནང་བསྒྱུར་ཡོད་པ་མ་ཟད། དེ་སྔོན་ཞིང་གཤེགས་དམ་པ་པདྨ་ཚེ་བརྟན་ལགས་སུ་བཅར་འདྲི་ཡང་བྱས་ཡོད་པ་རེད། སྐུ་ཞབས་སངས་རྒྱས་སྐྱབས་ལགས་ནི་པདྨ་ཚེ་བརྟན་ལགས་དང་ཕ་ཡུལ་གཅིག་པ་ཡིན་པ་མ་ཟད། སློབ་གྲྭ་གཅིག་ཏུ་སློབ་སྦྱོང་གནང་ཡོད་པ་རེད། ཁོང་རྣམ་པ་གཉིས་ཀྱི་དེ་རིང་པདྨ་ཚེ་བརྟན་ལགས་ཀྱི་གསར་རྩོམ་དང་གློག་བརྙན། དེ་བཞིན་བོད་ཀྱི་སྐོར་ལ་གཏམ་བཤད་གནང་རྒྱུ་ཡིན་ཞེས་གསུངས།
ཐོག་མར་ཨི་སོལ་ཌ་མོ་རི་ལོ་ལགས་ཀྱིས་པདྨ་ཚེ་བརྟན་ལགས་ཀྱི་གསར་རྩོམ་དང་གློག་བརྙན་བཟོ་སྐྲུན་གྱི་མི་ཚེ་ལམ་བུ་ངོ་སྤྲོད་མདོར་བསྡུས་གནང་གྲུབ་རྗེས་སངས་རྒྱས་སྐྱབས་ལགས་ཀྱིས་པདྨ་ཚེ་བརྟན་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་། སློབ་སྦྱོང་གི་བརྒྱུད་རིམ། ཁོང་གི་བརྩམས་ཆོས་སོགས་ཀྱི་སྐོར་གསུངས། གཏམ་བཤད་ཀྱི་ལས་རིམ་གྲུབ་པའི་རྗེས་དགེ་སློབ་དང་ལྷན་དུ་བོད་ཀྱི་སྐད་ཡིག་དང་། རིག་གནས། གློག་བརྙན། ལྷག་པར་དུ་བོད་ཀྱི་རང་དབང་འཐབ་རྩོད་སྐོར་ལ་དྲི་བ་དྲིས་ལན་གནང་ཡོད།
སྐབས་དེར་བོད་དོན་དང་འབྲེལ་བའི་སྐོར་བཅར་དྲི་གནང་སྐབས་སངས་རྒྱས་སྐྱབས་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས། དེ་བཞིན་རྒྱ་ནག་གིས་བོད་ནང་མི་སེར་སྤེལ་བའི་སྲིད་བྱུས་སོགས་ཀྱི་སྐོར་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད།
བགྲེ་གླེང་འདི་བཞིན་སི་པན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པ་དང་རྩོམ་རིག་སློབ་གླིང་དུ་བོད་དང་འབྲེལ་བའི་གཏམ་བཤད་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། མ་འོངས་དེ་ལྟ་བུའི་བགྲོ་གླེང་ཚོགས་རྒྱུ་ཡིན་པ་གཏན་ཁེལ་ཡོད་པ་བཅས།།