༄༅། །ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའམ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་གྱི་སྔ་རོོལ་དུ། ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་བའི་གྲོས་ཆོད་གཏན་འབེབས་གནང་འདུག
ཡུ་རོབ་གྲོས་ཚོགས་སུ་ཚད་མཐོའི་མང་མོས་སྒོ་ནས་གཏན་འབེབས་གནང་བའི་གྲོས་ཆོད་དེའི་ནང་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་གིས་དབུས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག་ལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་བརྒྱུད་བོད་མིའི་ངོ་བོ་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་ལ་ཐུགས་འཚབ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོར་བཀའ་ཆད་བཅད་དགོས་པ་གསུང་འདུག
གཞན་ཡང་གྲོས་ཆོད་དེའི་ནང་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གི་དོ་དམ་འོག་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཡཏ་ནཱམ་དུ་གནས་སྟངས་ཁ་གསལ་མེད་པར་གློ་བུར་འདས་གྲོངས་སུ་གྱུར་བ་མ་ཟད། རིན་པོ་ཆེ་མཆོག་གི་ནང་མི་སྐུ་འཁོར་ལྷན་རྒྱས་ཀྱི་མོས་མཐུན་མེད་པར་སྐུ་ཕུང་བཞུགས་འབུལ་བྱས་པའི་བྱུས་ངན་ཐེར་འདོན་གྱིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་གནད་དོན་ཐོག་རང་དབང་ལྡན་པའི་ཐོག་ནས་རྟོག་ཞིབ་དགོས་ལ། ལག་སྦྲེལ་ཡོད་པའི་འབྲེལ་ཡོད་རྣམས་ལ་འགན་འཁུར་དུ་འཇུག་དགོས་པ་གསུང་འདུག
ཕྱོགས་མཚུངས་ཡུ་རོབ་གྲོས་ཚོགས་ནས་ཡུ་རོབ་མཐུན་ཚོགས་དང་ཁྱབ་ཁོངས་ཡུ་རོབ་རྒྱལ་ཁབ་ཁག་ནས་རྒྱ་ནག་དང་ཝི་ཡཏ་ནཱམ་གཞུང་དང་འབྲེལ་བ་ནམ་བྱུང་ལ་གོང་ཞུས་གནད་དོན་ཐོག་གླེང་སློང་དང་། ལྷག་པར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གློད་བཀྲོལ་ཡོང་སླད་ཞུ་སྐུལ་གནང་སྐྱོང་ཡོང་བའི་ཞབས་སྐུལ་གནང་འདུག
བོད་དོན་ལ་རྒྱབ་སྐྱོར་གནང་བའི་གྲོས་ཆོད་དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཆེ་ཁག་ལྔ་ཐུན་མོང་ནས་བསྣམས་ཕེབས་པ་ཞིག་ཡིན་པ་དང་། གྲོས་ཆོད་གྲོས་འཆར་དེའི་ཐོག་གྲོས་ཚོགས་འཐུས་མི་གྲངས་ ༤༧༨ ནས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་སུ་ཚད་མཐོའི་མང་མོས་ཀྱི་སྒོ་ནས་གཏན་འབེབས་གནང་འདུག
གྲོས་ཆོད་གྲོས་འཆར་དེའི་བགྲོ་གླེང་མཐའ་མའི་སྐབས་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Michael McGrath མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་ནས་ཐེ་བྱུས་མི་ཡོང་བའི་རེ་སྐུལ་དང་སྦྲགས། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་བའི་གནད་དོན་ཐད་རང་དབང་སྒོ་ནས་རྟོག་ཞིབ་འཐུས་ཚང་ཡོང་བའི་སྐུལ་དེད་གནང་འདུག
ལྷག་པར་ཡུ་རོབ་མཐུན་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་ཁུར་དང་ཆོས་དད་རང་དབང་སྲུང་སྐྱོབ་གནང་རྒྱུའི་ཞལ་བཞེས་གནང་འདུག་པ་མ་ཟད། གནད་དོན་དེའི་ཐོག་རྒྱ་ནག་གཞུང་གི་མཐོ་རིམ་ལས་བྱེད་པ་དང་མཇལ་འཕྲད་སྐབས་གླེང་སློང་གནང་རྒྱུ་ཡིན་པ་གསུང་འདུག
ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བའི་གྲོས་ཆོད་དེར་དགའ་བསུ་ཞུས་ཏེ་ཡུ་རོབ་གྲོས་ཚོགས་དང་ཡུ་རོབ་མཐུན་ཚོགས་ནས་བོད་དོན་ལ་གཡོ་བ་མེད་པའི་ཐོག་ནས་རྒྱབ་སྐྱོར་གནང་བར་ཡི་རངས་ཞུས་འདུག གཞན་ཡང་སྐུ་ཚབ་དོོན་གཅོད་ཀྱིས་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པར་ངོ་རྒོལ་སྐྱོན་བརྗོད་གནང་བ་མ་ཟད། གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་གནས་སྟངས་ཁ་གསལ་མེད་པའི་ཐོག་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གནད་དོན་ཐད་ཐུགས་འཚབ་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཏེ། དེ་ལྟར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་ཆོད་སེམས་དེས་ད་ལྟའང་དཀའ་སྡུག་མྱོང་བཞིན་པའི་གཞིས་བཞུགས་བོད་མི་རྣམས་ལ་རེ་བ་ཆེན་པོ་སྦྱིན་གྱི་ཡོད་པ་གསུང་འདུག