༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༠༥ དང་ ༦ བཅས་ཉིན་གཉིས་རིང་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་བསྟན་འཛིན་ཚངས་པ་ལགས་དང་ཚབ་གསར་ས་གནས་འགོ་འཛིན་བསྟན་འཛིན་རིན་ཆེན་ལགས་རྣམ་གཉིས་དབར་ལས་འགན་རྩིས་སྤྲོད་རྩིས་ལེན་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཕྱི་ཚེས་ ༠༥ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་ཏི་ཛུ་དར་རྒྱས་གླིང་གི་ས་གནས་འགོ་འཛིན་ཀུན་དགའ་འཇིགས་མེད་ལགས་ཀྱི་སྤྲོད་དཔང་གནང་སྟེ་ས་གནས་འགོ་འཛིན་གྱི་བདག་དབང་དུ་ཡོད་པའི་ཅ་དངོས་དང་གཞུང་འབྲེལ་ཡིག་ཆ་ཁག་རྩིས་སྤྲོད་གནང་ཡོད། དེ་རྗེས་གཞིས་གྲོང་ཁག་ལྔའི་མི་མང་ཚོགས་ཁང་དང་། གཞིས་གྲོང་ ༢ དང་ ༤ པའི་ཟམ་པ། བྱིས་བཅོལ་ཁང་བཅས་སུ་གཟིགས་སྐོར་གནང་། དེ་བཞིན་ལས་ཤག་དང་། མི་མང་ཚོགས་ཁང་གི་འཛུགས་བསྐྲུན་གྱི་ལས་གཞིར་གཟིགས་སྐོར་གནང་གྲུབ་རྗེས་གཞིས་གྲོང་ ༡ པོའི་སྡོད་ཁང་རྙིང་པ་དང་། ཚོགས་ཁང་རྙིང་པ། རྒས་གསོ་ཁང་བཅས་སུ་འཚམས་གཟིགས་གནང་ཡོད།
ཕྱི་ཚེས་ ༦ ཉིན་མེའོ་ཆོས་འཕེལ་གླིང་གི་མི་མང་ཚོགས་ཁང་ཆེན་མོར་ས་གནས་མི་མང་འདུ་འཛིམས་ཐོག་ས་གནས་འགོ་འཛིན་གསར་རྙིང་གཉིས་ནས་གསུང་བཤད་དང་། ནང་སྲིད་སྐུ་ཚབ་སྤྲོད་དཔང་ནས་གཟིགས་ཚུལ་དང་འབྲེལ་གསུང་བཤད་གནང་། མཐར་ལས་དྲུང་ཚེ་རིང་ནོར་བུ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་རིམ་མཇུག་སྒྲིལ་བ་བཅས།།