༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་དྷ་ས་བོད་ཀྱི་ཟློས་གར་ཐང་ཆེན་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ གཟབ་རྒྱས་ངང་མཇུག་སྒྲིལ་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག དབུས་འོས་བསྡུ་ལྷན་ཁང་གི་ཚོགས་གཙོ་བློ་བཟང་ཡེ་ཤེས་ལགས། ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་བཀྲ་ཤིས་སྟོབས་རྒྱལ་ལགས། གནས་ཆུང་སྐུ་རྟེན་རིན་པོ་ཆེ་མཆོག། མཆོག་སྤྲུལ་ལྷ་རྒྱལ་རིན་པོ་ཆེ་མཆོག་བཅས་ཕེབས་ཡོད། དེ་བཞིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། ས་གནས་ཁག་གི་ལྷ་མོའི་འཁྲབ་སྟོན་པ་དང་སློབ་ཕྲུག སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཐོག་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་འགྲོ་བ་བཟང་མོ་གཟིགས་འབུལ་ཞུས་ཡོད།
དེ་ནས་ཕྱི་དྲོ་ཆུ་ཚོད་ ༥ ཙམ་ལ་༸སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་འཚམས་འདྲི་དང་སྦྲགས་མཇུག་བསྡོམས་གསུང་བཤད་གནང་དོན། འཛམ་གླིང་སྤྱིའི་གཅེས་ནོར། ཁ་བ་གངས་ཅན་པའི་ཁྱད་ནོར། བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་འཕོག་པའི་ལྷ་སྐལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུ་དགུང་གྲངས་དགུ་བཅུར་བཞེས་པའི་བསྐལ་བཟང་གི་དུས་སྟོན་དང་འབྲེལ་བའི་ཐོག་ནས་བཀའ་དྲིན་རྗེས་དྲན་གྱི་སླད་དུ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་ཆ་ཤས་སུ་ཞོ་སྟོན་ཐེངས་ ༢༨ བཞུགས་སྒར་དུ་ཟབ་རྒྱས་ཐོག་བསྐོང་ཚོགས་གནང་ནས་དེ་རིང་ལེགས་པར་གྲུབ་ཡོད། འདི་ལྟ་བུའི་བྱ་བ་མཚོན་པ་ཡིན་ན་དམ་པའི་ལྷ་ཆོས་ཀྱི་ཐོག་ནས་ང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་རྩ་བའི་བླ་མའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བསོད་ནམས་དཔག་ཏུ་མེད་པ་བསགས་པ་ཞིག་ཆགས་ཀྱི་ཡོད། འཇིག་རྟེན་མི་ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་བཀའ་དྲིན་ཆེན་པོ་མང་པོ་ཡོད་པའི་ནང་ནས་༸སྐྱབས་མགོན་༸རྒྱལ་བ་ཡིད་བཞིན་ནོར་བུ་ལས་ལྷག་པའི་བཀའ་དྲིན་ཆེན་པོ་ཞིག་མེད། ཁོང་ལྟ་བུའི་བཀའ་དྲིན་ཅན་གྱི་བདག་ཉིད་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དེ་བཟང་པོའི་སྤྱོད་པ་བླ་ན་མེད་པ་ཞིག་ཆགས་ཀྱི་ཡོད། དེའི་ཐོག་ལ་བོད་ཀྱི་རིག་གཞུང་སྤྱི་དང་། ལྷག་པར་རིག་གཞུང་གི་ཡ་གྱལ་ལྷ་མོའི་སྒྱུ་རྩལ་དེ་ཉིད་བླ་ན་མེད་པའི་སྒྱུ་རྩལ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་སླད་དུ་ལེགས་སྐྱེས་ཆེན་པོ་ཞིག་དེ་རིང་གི་ཞོ་སྟོན་འདིའི་ཐོག་ནས་ཏན་ཏན་འབུལ་ཐུབ་ཡོད་རེད། ཅེས་དང་།
དེ་རྗེས་ཁོང་གིས་ད་ལྟའི་དུས་སུ་བོད་མི་རིགས་དང་། བསྟན་པ་ཆབ་སྲིད། རིག་གཞུང་བཅས་ཉག་ཕྲ་པོ་ཞིག་ཡིན་ནའང་སེམས་ཤུགས་ཆག་རྒྱུ་མེད་ཅེས་གསུངས་པ་དང་ཆབས་ཅིག ཁོང་གིས་ལྷ་མོ་འཁྲབ་སྟོན་པ་རྣམས་ནས་༸རྒྱལ་བ་རིན་པོ་ཆེ་ལ་དད་སེམས་དང་། དེ་བཞིན་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་པར་ཆོད་སེམས། བོད་མི་རིགས་ཀྱི་ལ་རྒྱ། བོད་མི་རིགས་ཀྱི་རིག་གཞུང་ལ་གཅེས་སེམས། ལྷག་པར་ལྷ་མོའི་སྒྱུ་རྩལ་ལ་རིན་ཐང་མཁྱེན་པའི་ཐོག་ནས་སོ་སོའི་ལས་དོན་ལ་བློས་གཏོང་ཆེན་པོ་ཞིག་གནང་གི་ཡོད་པ་དེ་རླབས་ཆེན་ཞིག་ཆགས་ཀྱི་ཡོད་དུས་གོ་སྐབས་འདི་བརྒྱུད་ནས་འདི་གར་དངོས་སུ་ཕེབས་པའི་ལྷ་མོ་བ་རྣམ་པ་དང་། དངོས་སུ་མ་ཕེབས་པའི་ལྷ་མོ་བ་རྣམས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་ཡང་དེ་དེ་བཞིན་གྱི་ཧུར་ཐག་གནང་རོགས་གནང་ཞེས་གསུངས།
དེ་བཞིན་རིན་པོ་ཆེ་མཆོག་གིས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་དེ་དུས་རབས་བཅུ་བཞི་ནས་འགོ་བཙུགས་པ་ཞིག་ཡིན་ཞིང་། འབྱུང་བ་རིག་པའི་ཐོག་ནས་དངོས་ཡོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་པ་ཙམ་མ་ཟད། བརྗོད་བྱ་ཐོག་ནས་ཀྱང་དམ་པའི་ལྷ་ཆོས་དང་། འཇིག་རྟེན་མི་ཆོས་ཡ་རབས་ལ་སོགས་པའི་སློབ་གསོ་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་སྒྱུ་རྩལ་བླ་ན་མེད་པ་ཞིག་ཆགས་ཡོད། ང་ཚོའི་མི་རིགས་དེ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། རིག་གནས། གང་ཅིའི་ཐོག་ནས་སྤོབས་པ་བྱེད་འོས་པ་ཞིག་ཡིན་ཞེས་ནན་བརྗོད་གནང་བ་དང་། ༸རྒྱལ་བ་ཡིད་བཞིན་ནོར་བུ་དང་། དེ་བཞིན་མི་ཐོག་གོང་མ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ང་ཚོའི་ཆོས་དང་རིག་གཞུང་ཉམས་པ་མེད་པ་ད་བར་གནས་ཡོད་པས་དེ་རྒྱུན་འཛིན་གནས་པར་གཞོན་སྐྱེས་རྣམས་ནས་འགན་འཁུར་དགོས་གལ་སྐོར་གསུངས་ཡོད་པ་བཅས།།