
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༨ ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་ཀཐ་མན་གྲུར་རྟེན་གཞིས་བྱས་པའི་ཡུ་རོབ་མཐུན་ཚོགས་ཀྱི་གཞུང་ཚབ་ཁང་(Delegation of the European Union to Nepal) ནས་གོ་སྒྲིག་ཞུས་པའི་ཡུ་རོབ་ཉིན་མོར་ Europe Day-2025 མཉམ་ཞུགས་གནང་ཡོད།
སྐབས་དེར་སྐུ་མགྲོན་གཙོ་བོ་བལ་ཡུལ་གྱི་སྲིད་འཛིན་གཞོན་པ་རཱམ་ཡཱདྭ་ ( Ram Sahaya Yadav) མཆོག་དང་། དམིགས་བསལ་སྐུ་མགྲོན་ཡུ་རོབ་མཐུན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་ཝེ་རོ་ནིག་ལོ་རེན་ཛོ་ (Ms. Veronique Lorenzo) ལགས་ནས་དགའ་བསུའི་འཚམས་འདྲི་གསུང་བཤད་གནང་ཡོད། མཛད་སྒོའི་ཐོག་རྒྱལ་ཁབ་ ༡༥ ལྷག་གི་གཞུང་ཚབ་ཆེན་མོ་དང་ལས་བྱེད་རྣམ་པ། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་གཙོས་པའི་གཞན་ཡང་ལས་ཁུངས་ཁག་གི་གནད་ཡོད་མི་སྣ་ཁག་ཕེབས་ཡོད།
བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་རྒྱལ་མཚན་ལགས་ནས་གཞུང་ཚབ་ཆེན་མོ་ལྕམ་ཝེ་རོ་ནིག་ལོ་རེན་ཛོ་ལགས་དང་གཞུང་ཚབ་གཞོན་པ་སྐུ་ཞབས་ཕིརི་དྲེ་རིཀ་ལགས་གཉིས་ལ་འཚམས་འདྲིའི་མཇལ་དར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པའི་ཕྱག་དེབ་གསར་པ་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཕུལ་ཡོད་པ་བཅསས། །


