༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༠༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བྷ་རཏ་ཏིབྦཏ་སཧ་ཡོག་མཾཅ་ (Bharat Tibbat Sahyog Manch) དབུ་བརྙེས་ཏེ་ལོ་ངོ་ ༢༦ འཁོར་བའི་དུས་ཆེན་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་སྐབས་དེར་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ལྕམ་རེ་ཁཱ་གུབ་ཏཱ་ (Rekha Gupta) མཆོག་དང་། བྷཱ་རཏ་ཏིབྦཏ་སཧཡོག་མཾཅ་ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་འཛུགས་གནང་མཁན་ཨིན་དྲེཤ་ཀུ་མཱར་ (Dr Indresh Kumar) ལགས། བྷཱ་རཏ་ཏིབྦཏ་སཧཡོག་མཾཅ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་པཾཀཇ་གོ་ཡལ་ (Pankaj Goyal) ལགས། དེ་བཞིན་ལྡི་ལི་དགེ་རྒན་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་དྷ་ནན་ཇེ་ཇོ་ཤི་ (Prof. Dhananjay Joshi) ལགས་བཅས་ཕེབས་ཏེ་གསུང་བཤད་གནང་ཡོད། ཁོང་རྣམ་པས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས་བོད་ཀྱི་འཐབ་རྩོད་ཐད་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གལ་གནད་དང་། བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ཐོག་གདུང་སེམས་མཉམ་སྐྱེད་དང་། རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད།
དེ་ནས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་སྐབས་ཐོག་མར་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བྷ་རཏ་ཏིབྦཏ་སཧ་ཡོག་མཾཅ་དབུ་བརྙེས་ནས་ལོ་ངོ་ ༢༦ འཁོར་བའི་ཉིན་མོར་འཚམས་འདྲི་ཞུས་གནང་ཡོད། ཁོང་མོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་དང་། རྒྱ་གར་གྱི་གནད་ཡོད་མི་སྣ་སྐུ་ཞབས་སུ་རྡར་ཤན་ (Sudershan) ལགས་དང་། ཀར་ཡ་ཝ་ (Karyavah) ལགས། ཨིན་དྲེཤ་ཀུ་མཱར་ལགས། པང་ཀ་ཆི་གྷོ་ཡལ་ལགས་བཅས་ཀྱིས་ལམ་སྟོན་འོག་ཚོགས་པ་འདི་ཐོག་མར་དབུ་འཛུགས་གནང་བ་ནས་བཟུང་ད་བར་བོད་དོན་ཐོག་རྒྱབ་སྐྱོར་དང་། ལས་འགུལ་མུ་མཐུད་སྤེལ་ཡོད་པ་གསལ་སྟོན་གནང་།
དེ་མཚུངས་བདེ་སྲུང་བཀའ་བློན་མཆོག་གིས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ལྕམ་རེ་ཁཱ་གུབ་ཏཱ་མཆོག་མཛད་སྒོ་དེར་ཕེབས་པར་དགའ་བསུའི་འཚམས་འདྲི་ཞུས་པ་མ་ཟད། ལྕམ་རེ་ཁཱ་མཆོག་གིས་རྒྱ་གར་དང་བོད་དབར་གྱི་འབྲེལ་བ་ཡུན་ནས་ཡུན་དུ་གནས་ཀྱི་རེད་ཅེས་གསུངས་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
དེ་བཞིན་བདེ་སྲུང་རྒྱ་བློན་མཆོག་གིས་བོད་མི་རྣམས་རྒྱ་གར་དུ་གནས་སྡོད་བྱེད་པར་སྤོབས་པ་ཡོད་ལ། བོད་མི་རྣམས་རྟག་ཏུ་རྒྱ་གར་དང་མཉམ་དུ་ཡོད་ཅེས་གསུངས། མཐར་འབྱུང་འགྱུར་ཕྱི་ཟླ་ ༠༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པས་ཚང་མས་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་གནས་པའི་སྨོན་ལམ་འདོན་རྒྱུའི་འབོད་སྐུལ་ཞུས་ཡོད།
མཛད་སྒོ་དེར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ཕྱག་དེབ་བོད་དང་བོད་མིའི་མགྲིན་ཚབ་གཙོས་པའི་བོད་དང་འབྲེལ་བའི་དཔེ་དེབ་ ༥༠༠ ལྷག་འགྲེམས་སྟོན་གནང་ཡོད་པ་དང་། སྤྱི་ཁྱབ་བློན་ཆེན་ལྕམ་རེ་ཁཱ་མཆོག་ལ་ཕྱག་རྟགས་ཀྱི་ཚུལ་དུ་བོད་དང་བོད་མིའི་མགྲིན་ཚབ་ཕུལ་ཡོད། སྐབས་དེར་ཚོགས་ཞུགས་པ་ ༢༥༠ ལྷག་ཕེབས་ཡོད་པ་དང་། དེའི་ཁྲོད་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས། ས་གནས་རང་བདེན་ཚོགས་ཆུང་། བརྒྱ་འཐུས་ལས་ཁུངས། ས་གནས་བུད་མེད་ལྷན་ཚོགས། ལ་དྭགས་དྷ་རམ་ས་ལའི་ཚོགས་པ་ཁག་གི་སྐུ་ཚབ། དང་ཟུར་ཚོགས་པའི་སྐུ་ཚབ་སོགས་ཕེབས་ཞུགས་གནང་ཡོད་པ་བཅས།།