༄༅། །འདི་གར་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཀརནཱ་ཊཀ་མངའ་གཞུང་ནས་མོན་གྷོ་ས་གནས་རྫོང་དཔོན་མཆོག་ལ་བཀོད་ཁྱབ་ཕེབས་དོན་ལྟར། མོན་གྷོ་འདོད་རྒུ་གླིང་ས་གནས་སུ་མོན་གྷོ་ས་གནས་རྫོང་དཔོན་ལས་ཁུངས་ནས་བཀོད་ཁྱབ་དང་། ས་གནས་འགོ་འཛིན་ལས་ཁུངས་ཀྱི་མཐུན་འགྱུར་འོག་བོད་ཟླ་ ༣ ཚེས་ ༡༥ དང་ཕྱི་ལོ་༢༠༢༥ ཟླ་བ་ ༥ ཚེས་ ༡༢ ཉིན་ཏེ་གནས་བརྟན་སྡེ་པའི་ལུགས་ལྟར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པ་སོགས་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ས་གནས་དང་ཟུར་ཚོགས་ཁང་དུ་འཕགས་བོད་གཉིས་ཀྱི་མི་གྲངས་ ༣༠༠ ལྷག་ལྷན་འཛོམས་ཀྱིས་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྫོང་དཔོན་གཞོན་པ་ཀུ་མཱརཱི་ཀཱ་བྱ་ར་ཎི་ (Kumari Kavyarani,Assistant Commissioner & Sub-divisional Magistrate,Sirsi) མཆོག་དང་། མངྒ་ལ་ནཱ་ཡཀ་ (Smt Mangala Naik,Assistant Director, Kannada & Cultural Department UK) ལགས། ཤཱན་ཀར་གྷོ་ཌི་ (Shri Shankar Goudi, Thashildar, Mundgod) ལགས། ལྷོ་སྤྱི་འཇིགས་མེད་ཆུལ་ཁྲིམས་ལགས། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པ། ས་གནས་འཐུས་ཚོགས་དང་མཉམ་འབྲེལ་གྱི་ཚོགས་གཙོ། དང་ཟུར་ཚོགས་གཙོ་དང་ཚོགས་མི། སྤྱི་ཕྱག་གཉིས་ཀྱི་སྐུ་ཚབ་རྣམ་པ་བཅས་ཀྱང་མཉམ་ཞུགས་གནང་ཡོད།
ལྕམ་སྐུ་རྫོང་དཔོན་གཞོན་པ་ཀུ་མཱརཱི་ཀཱ་བྱ་ར་ཎི་མཆོག་ཚོགས་ཁང་དུ་མ་ཕེབས་གོང་དང་སློབ་སྒྲིག་འཛུགས་ཀྱི་རྒྱལ་གཅེས་དཔའ་བོ་རྣམས་ནས་འདས་པའི་རྒྱ་གར་འཕགས་ཡུལ་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སླད་སྐུ་སྲོག་བློས་གཏོང་གནང་མཁན་གྱི་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་དུ་མེ་ཏོག་གི་ཕྲེང་བ་སོགས་གུས་བརྩི་དང་མྱ་ངན་ཞུས་པ་མ་ཟད། དང་ཟུར་ཚོགས་མི་བྱེ་བྲག་པ་རེ་ཟུང་དང་ལྷན་ངོ་སྤྲོད་དང་གསལ་བཤད་ཐོག ཚོགས་མི་ཟུར་པ་ཁོང་རྣམས་ནས་དམིགས་བསལ་ཞབས་ཞུའི་ཐད་རྒྱ་གར་གཞུང་ནས་ཕྱག་ཁྱེར་དང་གཟེངས་རྟགས་འབུལ་བཞེས་བྱུང་ཚུལ་ངོ་སྤྲོད་ཀྱང་བྱུང་།
སྐུ་མགྲོན་གཙོ་བོ་མཆོག་ནས་སྟོན་པའི་ཆོས་དང་ཉམས་ལེན། ཡུལ་གོམས་སོགས་ཀྱི་ཐུན་མོང་མ་ཡིན་པའི་རྒྱ་གར་གནའ་རབས་ཀྱི་རིག་གཞུང་དང་འདྲེས་ཤིང་བྲལ་ཐབས་མེད་པས་ཡོན་ཏན་རླབས་ཆེན་རྣམས་ད་ལྟའི་དུས་འདིར་ཆེས་ཉམས་ལེན་ཞུ་གལ་ཆེ་བའི་སྐོར་འབོད་སྐུལ་གནང་བར་མ་ཟད། ལྷག་པར་དེ་རིང་གི་མཛད་སྒོ་འདི་ལྟ་བུ་མངའ་གཞུང་འཛིན་སྐྱོང་གི་བཀོད་ཁྱབ་འོག་བོད་མིའི་འདུས་སྡོད་བྱ་ཡུལ་མོན་གྷོ་གཞིས་ཆགས་སུ་ཚོགས་ཐུབ་པ་རྗེས་སུ་ཡི་རང་དང་། སྐྱབས་གནས་དགེ་འདུན་པ་དང་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། དང་ཟུར་ཚོགས་མི་ཁག་གཅིག་ལ་གུས་བརྩི་མཚོན་ཆེད་ཆེ་བསྟོད་དང་ཕྱག་ཁྱེར་འབུལ་བཞེས་ཀྱང་གནང་། གསུང་བཤད་གནང་མཁན་གཞན་རྣམས་ནས་ཀྱང་དུས་སྟོན་དང་འབྲེལ་བའི་གསུང་བཤད་གནང་།
མཐར་ས་གནས་སློབ་ཕྲུག་ནས་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་ཏེ་མཛད་སྒོ་རྒྱལ་ཁའི་ངང་ལེགས་པར་གྲུབ་བ་བཅས། །