༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ སྔ་བསྣུར་གྱིས་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་བོད་ཀྱི་འགྲོམས་སྟོན་ཁང་དུ་རྒྱལ་སྥྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩིའི་དབུ་འབྱེད་མཛད་སྒོ་ཚོགས་ཐོག་སྐུ་མགྲོན་གཙོ་བོར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཕེབས་ཡོད། གཞན་ཡང་བཞུགས་སྒར་ཁུལ་གྱི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། དྷ་སྟེང་བོད་ཁྱིམ་གྱི་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་བཅས་མཉམ་ཞུགས་གནང་ཡོད།
ཐོག་མར་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོའི་གལ་གནད་དང་འབྲེལ་བོད་ཀྱི་འགྲེམས་སྟོན་ཁང་གི་དམིགས་ཡུལ་བཅས་ངོ་སྤྲོད་གནང་། ཁོང་གིས་འགྲེམས་སྟོན་ཁང་གི་ལས་འགན་གཙོ་བོ་ནི་ཅ་དངོས་ཉར་ཚགས་དང་། མང་ཚོགས་ལ་གོ་རྟོགས་སྤྲོད་རྒྱུ། ཉམས་ཞིབ་ལ་རྒྱབ་སྐྱོར། རིག་གཞུང་ཐོག་རྩ་ཆེའི་ཞབས་འདེགས་སྒྲུབ་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་། དེ་བཞིན་དེང་སྐབས་རྒྱ་ནག་གིས་ཤུགས་རྐྱེན་འོག་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འགྲེམས་སྟོན་ཁང་ཁག་ཅིག་ནང་ཉེ་ལམ་བོད་ཅེས་པའི་ཚབ་ཏུ་ཤིས་ཙང་ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་པའི་སྐོར་གསལ་སྟོན་གནང་བ་དང་སྦྲགས་གནད་དོན་དེའི་ཐོག་སེམས་ཚབ་ཡོད་སྐོར་བརྗོད་ཡོད། དེ་རྗེས་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་ཀརྨ་བཀྲ་ཤིས་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གི་པར་རིས་ཉར་ཚགས་སྐོར་ལ་ངོ་སྤྲོད་གནང་སྐབས་ཁོང་གིས་འགྲེམས་སྟོན་ཁང་གི་ཚད་གཞི་ལྟར་པར་རིས་བསྡུ་རུབ་དང་དབྱེ་བ་འབྱེད་ཚུལ་གྱི་བརྒྱུད་རིམ་སྐོར་ཞིབ་ཕྲ་གསུངས། དེ་ནས་འགྲེམས་སྟོན་ཁང་གི་ལས་བྱེད་ངག་དབང་རྡོ་རྗེ་ལགས་ཀྱིས་འགྲེམས་སྟོན་ཁང་དུ་དཔེ་ཆ་དང་། སྲོལ་རྒྱུན་གྱི་གྱོན་གོས། པར་ཤིང་། དེ་བཞིན་སྟོན་པའི་སྐུ་འདྲ་སོགས་ཚུད་པའི་དངོས་རྫས་ ༡༣༠༠ ཙམ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་། དངོས་རྗས་འདི་དག་གཙོ་བོ་ཞལ་འདེབས་ཡང་ན་གཡར་བ་ཤ་སྟག་ཡིན་ཞེས་གསུངས།
དེ་བཞིན་འགྲེམས་སྟོན་ཁང་གི་ལས་བྱེད་བསྟན་འཛིན་མཁས་བཙུན་ལགས་ཀྱིས་དམིགས་ཡུལ་སྐོར་གསུང་སྐབས་བོད་ཀྱི་འགྲེམས་སྟོན་ཁང་ངོས་ནས་བོད་མི་དང་། མི་རིགས་གཞན་གྱི་སྤྱི་ཚོགས། ལྷག་པར་གཞོན་སྐྱེས་ཚོར་བོད་ཀྱི་འཐབ་རྩོད་དང་། ལོ་རྒྱུས་སྐོར་ལ་གོ་རྟོགས་སྤེལ་བར་ལམ་ལྷོངས་བྱུང་ཡོད་པ་འགྲེལ་བརྗོད་གནང་བ་དང་། འགྲེམས་སྟོན་ཁང་དུ་མཁས་དབང་དང་ཆེད་ལས་པ་རྣམས་ཀྱི་གསུང་བཤད་ཀྱི་ལས་རིམ་གོ་སྒྲིག་ཞུ་བཞིན་པའི་སྐོར་ཡང་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་རྣམ་གཉིས་ཀྱིས་འགྲེམས་སྟོན་ཁང་གི་དཔེ་དེབ་དབུ་འབྱེད་གནང་རྗེས་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དེང་སྐབས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ཐོག་ལོག་འགྲེལ་བྱེད་བཞིན་པའི་དུས་སུ་འགྲེམས་སྟོན་ཁང་གིས་དེ་དག་ཁ་གཏད་གཅོག་རྒྱུའི་གལ་གནད་སྐོར་གསུངས། ཁོང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་། བོད་མིའི་ཁྲོད་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་ཐོག་གོ་རྟོགས་སྤེལ་རྒྱུ་ཡིན་པ་ནན་བརྗོད་གནང་།
དེ་མཚུངས་ཁོང་གིས་བོད་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་ནི་བོད་མི་ཡོངས་ཀྱི་འགན་ཡིན་པ་དང་། ལྷག་པར་རྒྱ་ནག་གིས་བོད་ནང་གཏན་འཇགས་སློབ་གྲྭ་བརྒྱུད་མི་སེར་སྤེལ་བའི་ལས་གཞི་མང་དག་ཅིག་སྤེལ་བཞིན་པའི་སྐབས་སྔར་ལྷག་གནད་འགག་ཆེ་བ་ཡིན་ཞེས་གསུངས།
མཐར་ཁོང་གིས་ང་ཚོའི་ལས་འགུལ་ནི་བདེན་པ་དང་། དྲང་བདེན་ལ་གཞི་བཅོལ་བ་ཞིག་ཡིན་པ་དང་། ང་ཚོས་མུ་མཐུད་འབད་བརྩོན་བྱས་ཚེ་ང་ཚོའི་འཐབ་རྩོད་ལ་འབྲས་བུ་ཞིག་ཐོབ་ངེས་ཡིན་ཞེས་གསུངས།
ཉིན་མོ་དེ་དང་བསྟུན་ནས་བོད་ཀྱི་འགྲེམས་སྟོན་ཁང་ནས་བོད་ཀྱི་སྒྱུ་རྩལ་བ་ཁག་གཅིག་ལ་རང་ཉིད་ཀྱི་སྒྱུ་རྩལ་ལས་རིགས་འགྲེམས་སྟོན་གནང་རྒྱུའི་གོ་སྐབས་གནང་ཡོད་པ་བཅས།།