༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༩ རེས་གཟའ་པ་སངས་ཉིན་ཕ་རན་སི་ས་གནས་རྭཨ་ནི་ (Rennes) ཞེས་པར་ས་གནས་བོད་རིགས་ཚོགས་པའི་འབོད་སྐུལ་ཞུ་དོན་བཞིན། ས་གནས་སུ་ཆེད་བཅར་གྱིས་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཀུན་བཟང་རྡོ་རྗེ་ལགས་ཀྱི་ནང་དུ་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་དཔྱ་དངུལ་བསྡུ་རུབ་གནང་ཡོད། ས་གནས་སུ་དཔྱ་དངུལ་འབུལ་མཁན་བོད་མི་གྲངས་ ༢༩ ཙམ་དང་། གོ་སྟོན་ཆེད་ཞལ་འདེབས་འབུལ་མཁན་དུད་ཚང་ ༡༣ ཙམ་བྱུང་ཡོད།
ས་གནས་སུ་གནས་སྡོད་བོད་མི་ཁ་ཤས་པེ་རི་སི་ངོས་ཤེས་པ་བརྒྱུད་ནས་དཔྱ་དངུལ་འབུལ་ཟིན་འདུག སྤྱིར་ས་ཁུལ་དེར་བོད་མི་གནས་སྡོད་དུད་ཚང་ ༤༠ ཙམ་ཡོད་འདུག གཞན་གསར་དུ་འབྱོར་མཁན་བོད་མི་ཧྲང་ཧྲང་མི་ཉུང་བར་ཞིག་ཡོད་འདུག དཔྱ་དངུལ་བསྡུ་ཞོར་ས་གནས་བོད་རིགས་རྣམས་ལ་ས་གནས་སུ་གཟའ་མཇུག་སློབ་གྲྭ་འཛུགས་ཐབས་ཞུ་དགོས་པ་དང་། བོད་མི་ཚང་མས་དཔྱ་དངུལ་དུས་ཐོག་འབུལ་ཐབས་དང་དཔྱ་དེབ་མེད་མཁན་རྣམས་ནས་དཔྱ་དངུལ་བཟོ་དགོས་པ། བོར་བརླགས་ཤོག་ཡོད་ན་གསར་བཟོ་ཞུ་རྒྱུའི་མཐུན་འགྱུར་ཡོད་པ་འགྲེལ་བརྫོད་ཞུ་ཐུབ་པ་བྱུང་བ་མ་ཟད། ས་གནས་བོད་རིགས་རྣམས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་ཞུ་ཐུབ་པ་བྱུང་ཡོད་པ་བཅས། །