༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཐོག་མར་ཚོགས་ཁང་དུ་ཕེབས་སྐབས་ཊོ་རོན་ཊོ་མང་ཚོགས་ནས་གཞས་སྣ་འཁྲབ་སྟོན་གྱིས་ལམ་ནས་ཕེབས་བསུ་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་རྗེས་ཁེ་ན་ཌ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་གླང་དཀར་ལགས་ནས་འཚམས་འདྲི་དང་སྦྲགས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་གྲུབ་མཚམས། བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གསུང་བཤད་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ལོ་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་ཀྱི་ཡོད་པས་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། དེ་དང་འབྲེལ་ནས་ལས་རིམ་གང་ཞིག་གནང་རྒྱུ་ཡིན་མིན་ཐོག་འགྲེལ་བརྗོད་གནང་སོང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་མགོན་པོ་གང་ཉིད་མཆོག་རྗེ་དགེ་འདུན་གྲུབ་པའི་དགུང་ལོ་ཕེབས་པའི་སྐབས་དང་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་སྐབས་༸སྐུའི་ཡང་སྲིད་དང་འབྲེལ་ནས་བཀའ་སློབ་ཕེབས་རྒྱུ་ཡིན་པར་སོང་། ད་ལོའི་ཟླ་བ་བདུན་པའི་ནང་ཆོས་ཚོགས་ཀྱི་ཚོགས་ཆེན་ཞིག་འཚོག་གཏན་འཁེལ་ཡོད་པ་དང་དེའི་བརྒྱུད་གནས་ཚུལ་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་པ་གསུངས་སོང་།
དེ་བཞིན་གོ་སྟོན་དང་འབྲེལ་དེ་སྔོན་བཀའ་ཤག་གིས་ལོ་གཅིག་སྔོན་ནས་གཞུང་འབྲེལ་གྱི་གསུང་བཤད་ཁག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གསུང་བཤད་གནང་ཡོད་པ་ནི་མི་དམངས་ཚོར་གོ་རྟོགས་སྤེལ་ཆེད་དུ་ཡིན་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་འགྲེལ་བརྗོད་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་བོད་ཀྱི་གནད་དོན་དང་བོད་རྒྱའི་དཀའ་རྙོག་ཐད་ཁྱབ་བསྒྲགས་གང་མང་ཞིག་འགྲོ་བཞིན་པ་དང་། སྒྲིག་འཛུགས་ཀྱི་ངོས་ནས་དེའི་ཐོག་འབད་བརྩོན་གནང་གི་ཡོད་པ་དང་། དེ་སྔོན་ཨ་རི་གཞུང་གིས་བོད་དོན་རྒྱབ་སྐྱོར་ཆེད་ཁྲིམས་ཡིག་ (Tibet Resolve Act) གཏན་འབེབས་གནང་བ་དེའི་བརྒྱུད་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མ་ཡིན་པའི་གནད་དོན་འཁོད་ཡོད་པའི་ར་སྤྲོད་གནང་སོང་ལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ནས་གསུམ་བཅུའི་དུས་དྲན་སྐབས་འཕྲིན་ཡིག་ཅིག་བསྐུར་བའི་ནང་དོན་དུ་ཨ་རིའི་རོགས་དངུལ་མཚམས་འཇོག་བྱས་པས་སེམས་འཚབ་དང་། བོད་སྤྱི་པའི་རྩ་དོན་ཐོག་ཨ་རི་གཞུང་གིས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་གནང་སོང་།
གཞན་ཡང་མང་ཚོགས་ལ་མ་ཧི་ཀལ་ཝན་ཝལཊ་ཝན་པ་རག་ལགས་ཀྱིས་བརྩམས་གནང་བའི་བོད་ཀྱི་གནས་བསྡུས་ ༢༠།༢༠ ཞེས་པའི་དེབ་དང་། ཉེ་ཆར་རྒྱ་གར་ནང་པར་བསྐྲུན་བྱེད་པའི་དེབ་ Tibet explained ཞེས་པ་འདི་གཉིས་ཀྱི་ནང་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་མ་ཡིན་པའི་ར་སྤྲོད་གསལ་པོ་འཁོད་པའི་ཁུངས་ལྡན་གྱི་ཡིག་ཆ་ཡིན་པས་དེབ་འདི་གཉིས་ཚང་མས་ཀློག་དགོས་པའི་འབོད་སྐུལ་གནང་སོང་།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ནན་ཏན་གྱི་ཐོག་ནས་གསུང་དོན་བོད་པའི་འཐབ་རྩོད་དེ་ཚགས་ཚུད་པོ་ཞིག་དང་རྒྱུན་གནས་ཡོང་བར་བོད་མིའི་སྒྲིག་འཛུགས་དེ་ཚགས་ཚུད་པོ་དགོས་ཀྱི་ཡོད་པས་དེའི་ཐོག་འཛིན་སྐྱོང་གི་ངོས་ནས་འབད་བརྩོན་བྱེད་བཞིན་པ་མ་ཟད། ད་ཆ་བོད་མི་མང་དག་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གནས་སྤོས་ཀྱིས་རྒྱ་གར་ནང་བོད་མི་ཉུང་དུ་འགྲོ་བ་ལ་བརྟེན་ནས་བོད་པའི་སློབ་གྲྭ་ཁག་མུ་མཐུད་གནས་མི་གནས་ཀྱི་གནས་སྟངས་ཆགས་ཀྱི་ཡོད་པའི་ཐོག་ར་སྤྲོད་གནང་སོང་།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་བཅུ་བདུན་པའི་གྲོས་ཚོགས་བརྒྱུད་ཁྲིམས་ཞིབ་པ་རྣམ་པ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན་ཕེབས་ཐུབ་ཡོད་པས། སླེབས་ལ་ཉེ་བའི་གོ་སྟོན་གྱི་མཛད་སྒོའི་སྐབས་མང་གཙོའི་ཀ་བ་གསུམ་སྡིངས་ཆའི་སྟེང་དུ་གནས་ཐུབ་པ་ཞིག་བྱུང་ཡོད་པ་དེ་སྤྱི་འཐུས་རྣམ་པ་ཚོས་གཟི་བརྗིད་དང་། སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་གྲུབ་འབྲས་ཡག་ཤོས་ཞིག་ཡིན་པ་མ་ཟད། རྗེས་སུ་ཚོགས་རྒྱུ་ཡིན་པའི་གྲོས་ཚོགས་ཚོགས་དུས་གཉིས་ཡོད་པ་དེའི་ནང་ཁྲིམས་བཟོའི་ཕྱག་ལས་ལྷག་མ་ཡོད་པ་དག་གནང་ཐུབ་པ་ཡིན་ན་སྤྱི་འཐུས་ཚོས་གཟི་བརྗིད་ཡིན་པ་ཡང་གསུངས་སོང་།
ད་དུང་འཛིན་སྐྱོང་གི་ངོས་ནས་གཞིས་ཆགས་ཁག་ཏུ་ཁང་པ་གསར་རྒྱག་གིས་ས་ཆ་དང་། སྡོད་ས་མེད་པའི་བོད་མི་ཁག་ལ་མཐུན་རྐྱེན་སྦྱོར་རྒྱུའི་འབད་བརྩོན་གནང་བཞིན་པ་དང་གཞིས་ཆགས་ཁག་ལ་ཡར་རྒྱས་རྒྱ་ཆེན་པོ་འགྲོ་དང་འགྲོ་བཞིན་ཡོད་པ་མ་ཟད། མི་མང་ཚོས་ཀྱང་དེ་ལ་ནུས་པ་མཉམ་སྤུངས་ཀྱིས་རམ་འདེགས་གནང་དགོས་པ་གསུངས་སོང་།
དེ་རྗེས་དྲི་བ་དྲི་ལན་གྱི་ལས་རིམ་དབུ་འཛུགས་ཀྱིས་མང་ཚོགས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཕྱག་ལས་གནང་ཕྱོགས་ཐད་བསྔགས་བརྗོད་དང་། ཐུགས་རྗེ་ལེགས་འབུལ་ཞུས་གནང་བ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་ནས་མི་དམངས་ཀྱི་དོགས་འདྲི་རྣམས་ལ་ལན་འདེབས་གསལ་བཤད་གནང་ནས་མཛད་རིམ་མཇུག་བསྒྲིལ་སོང་། །