༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ས་གནས་བེལ་ཝིལ་ཊོརེན་ཊོན་ (Belleville- Trenton) ཆེད་ཕེབས་ཀྱིས་བོད་རིགས་རྣམས་ལ་གསུང་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གཞུང་འབྲེལ་གྱི་ཐོག་ནས་ས་གནས་བེལ་ཝིལ་ཊོརེན་ཊོན་དུ་ཕེབས་པ་ཐེངས་དང་པོ་ཡིན་པ་དང་། ཁོང་གིས་ཐོག་མར་མི་དམངས་དང་གོ་སྒྲིག་གནང་མཁན་རྣམས་ལ་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་འཚམས་འདྲི་ཞུས་གནང་མཛད་རྗེས་ད་ལྟའི་ཆར་བོད་པའི་སྤྱི་ཚོགས་དང་མི་འབོར་གྱི་འགྱུར་བ་ལ་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལ་ཡང་འགྱུར་བ་འགྲོ་དགོས་ཀྱི་ཡོད་པ་མ་ཟད། ད་ལྟའི་ཆར་བོད་མི་མང་པོ་ཞིག་འཛམ་གླིང་ཡུལ་གྲུ་གང་སར་གནས་ཡོད་དུས་འགའ་ཞིག་ལ་འབྲེལ་བ་གནང་ཐུབ་ཀྱི་མེད་པའི་གནས་སྟངས་ཆགས་ཀྱི་ཡོད་མོད། གཟུགས་པོའི་ཐོག་ནས་རྒྱང་ཐག་རིང་པོ་ཡིན་ནའང་སེམས་ཐག་ཉེ་བོ་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན་ཞེས་གསུངས།
ད་དུང་ད་ལྟའི་ཆར་བོད་པའི་སྤྱི་ཚོགས་དེ་ཚགས་ཚུད་པོ་ཞིག་ཆགས་ཡོད་པ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡིན་པ་དང་། བོད་པའི་གཞོན་སྐྱེས་ཚོས་སྐུ་མདུན་གྱི་བཀའ་སློབ་དང་ཕྱག་དཔེ་སོགས་གང་ཐུབ་ཀྱི་ཀློག་དགོས་པ་མ་ཟད། ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དཔེ་བོད་དང་བོད་མིའི་མགྲིན་ཚབ་ཞེས་པ་དེ་ཆ་ཚང་གཅིག་ཀློག་ཐུབ་པ་ཡིན་ན་༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་བཞེས་དང་། བོད་རྒྱའི་དཀའ་རྙོག་སྐོར་གྱི་གནས་སྟངས་ཤེས་ཐུབ་པའི་ཁེ་ཕན་ལྡན་པ། དེ་བཞིན་ཁོང་གིས་ཆབ་སྲིད་ཀྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་དང་བོད་པའི་གནད་དོན་ཞེས་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ཀྱི་ཐོག་ནས་གནད་དོན་ཆེ་ཆུང་ལ་ཁྱད་པར་ཆེན་པོ་འགྲོ་ཡི་ཡོད་པ་འགྲེལ་བརྗོད་གནང་།
དེ་ནས་ཁོང་གིས་བོད་པའི་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་བོད་པའི་མི་རབས་རྒན་པ་ཚོས་སྐུ་ལས་གང་ཞིག་བསྐྱོན་ཡོད་མེད་དང་ཁོང་རྣམས་ཀྱི་བཀའ་དྲིན་ལས་ད་ལྟའི་མི་རབས་ཚོ་འཚོ་ཐུབ་ཡོད་པའི་གནས་ལུགས་ར་སྤྲོད་དང་། ཁོང་གི་ངོས་ནས་མི་རབས་རྒན་པ་ཚོར་ཐུགས་རྗེ་ཆེ་ཞེས་ཞུས་གནང་སོང་།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་པའི་ངོ་བོ་སྲུང་སྐྱོབ་བྱེད་པར་གཙོ་བོ་བོད་ཀྱི་སྐད་ཡིག་བདག་པོ་བརྒྱབ་དགོས་པ་དང་། ཉེ་ཆར་དགེ་བཤེས་སྨོན་ལམ་ལགས་ནས་བོད་ཕྱི་ནང་གི་མཁས་པ་མང་པོ་ཞིག་དང་གྲོས་མོལ་གྱིས་བོད་པའི་ཚིག་མཛོད་དེབ་གྲངས་ ༢༢༣ ཞིག་པར་བསྐྲུན་གནང་ཡོད་པ་དེ་ནི་བོད་པའི་སྐད་ཡིག་ལ་མ་གཏོགས་རྒྱལ་ཁབ་གཞན་ལ་མེད་པས་བོད་ཀྱི་སྐད་ཡིག་གི་གལ་གནད་དང་དེའི་རིན་ཐང་མཚོན་ཐུབ་ཀྱི་ཡོད་པ་དང་། ད་ལྟའི་ཆར་བོད་ཤར་ཕྱོགས་སུ་ཡོད་པའི་བོད་པ་ཚོས་རྒྱ་སྐད་དེ་ཐུན་མོང་གི་སྐད་ཡིག་ལྟར་དུ་བཀོལ་སྤྱོད་བྱེད་བཞིན་པས་བོད་པའི་སྐད་ཡིག་ལ་ཉམས་ཆགས་འགྲོ་བཞིན་ཡོད་པའི་གནས་སྟངས་ར་སྤྲོད་གནང་སོང་།
སྐབས་དེ་དུས་ཁོང་གིས་བོད་པའི་གཞོན་སྐྱེས་ཚོར་དབྱར་དུས་ཟབ་སྦྱོང་ལ་གང་མང་མཉམ་ཞུགས་གནང་དགོས་པ་དང་། དེའི་ཐོག་ནས་བོད་པའི་རིག་གཞུང་དང་སྐད་ཡིག་ཐོག་ལ་གོ་རྟོགས་གང་མང་ཞིག་ཐོབ་ཀྱི་ཡོད་པ་ཡང་ངོ་སྤྲོད་གནང་སོང་། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་པའི་ཡུལ་གྱི་ཆགས་འབབ་དང་། བོད་ལ་འཛམ་གླིང་གི་མཐོ་སྒང་ཞེས་འབོད་ཀྱི་ཡོད་པ། དེ་ལ་བརྟེན་ནས་བོད་ནི་རྒྱ་ནག་ཐེ་བའི་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་གི་ཆུའི་སྒོ་ཁུངས་ཡིན་པས་བོད་ཁམས་ཡུལ་གྱི་གལ་གནད་དང་། ལྷག་པར་དུ་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་སྐོར་ལ་ཡང་ངོ་སྤྲོད་གནང་སོང་། ད་དུང་བོད་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་བྱེད་པ་ལ་ཐོག་མར་བོད་དེ་འཛམ་གླིང་ནང་གལ་ཆེན་པོ་གང་ཙམ་ཞིག་ཡིན་མིན་ཤེས་དགོས་པ་ནི་གལ་ཆེན་པོ་ཡིན་པ་བཅས་གསུངས་སོང་། །