༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭར་ཆེད་ཕེབས་ཀྱིས་བོད་རིགས་རྣམས་ལ་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་རྣམ་གཉིས་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭ་ཕེབས་འབྱོར་སྐབས་ཁེ་ན་ཌ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་། སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་ལས་སློབ་ཕྲུག་རྣམས་ནས་ཕེབས་བསུ་ཞུས་གྲུབ་མཚམས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། ཁེ་ན་ཌ་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཅས་བླངས།
དེ་ནས་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་སློབ་སྤྱི་ནས་སློབ་གྲྭའི་ལས་བསྡོམས་དང་། དེ་བཞིན་འབྱུང་འགྱུར་ལས་གཞི་ལས་འཆར་ཁག་སྙན་སྒྲོན་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སློབ་གྲྭ་འདིར་ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པས་མཐུན་འགྱུར་གནང་བཞིན་ཡོད། བོད་རིགས་སྤྱི་མཐུན་ཚོགས་པར་ལས་འགན་མང་པོ་ཡོད་ཀྱང་གླ་མེད་ཐོག་དང་བླངས་ཀྱིས་ད་བར་སློབ་གྲྭའི་གནས་སྟངས་དེ་འདྲ་ཞིག་སླེབས་ཐུབ་པར་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་། ལས་ཟུར་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ནས་ཕ་མ་ཚོས་བོད་ཀྱི་སྐད་ཡིག་དང་ནང་ཆོས་གལ་ཆེན་པོ་བརྩིས་ཏེ་རང་གི་ཕྲུ་གུར་སློབ་གྲྭ་བཅུག་པ་དང་། དེ་བཞིན་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་རྣམས་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་སློབ་ཕྲུག་རྣམས་ལ་ལམ་སྟོན་སོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕ་མའི་ཚོགས་ཆུང་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་ཐོག་དམ་དྲག་ཇེ་ཆེར་གཏོང་བཞིན་པའི་སྐོར་གསལ་སྟོན་གྱིས། བཙན་བྱོལ་རང་དབང་ལུང་པར་གནས་འཁོད་བོད་མི་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་བཅས་པ་ངོ་བོ་སྲུང་སྐྱོབ་དགོས་པའི་ཞབས་སྐུལ་གནང་ཡོད། དེ་དང་འབྲེལ་ནས་ཁོང་གི་བོད་ཀྱི་སྐད་ཡིག་ནི་འཛམ་གླིང་ནང་གི་སྐད་ཡིག་རྙིང་ཤོས་ ༡༥ གྲས་སུ་ཡིན་པ་དང་། འཛམ་གླིང་གི་སྐད་ཡིག་གཞན་ལ་མེད་པའི་བོད་བསྒྱུར་ཚིག་མཛོད་ ༢༢༣ བཟོས་ཡོད་པའི་ངོ་སྤྲོད་གནང་སྐབས་ཁོང་གིས་བོད་ཀྱི་སྐད་ཡིག་གལ་ཆེན་པོ་རེད་ཅེས་ཟེར་བ་ཙམ་མ་ཡིན་པར་བོད་སྐད་བཀོལ་སྤྱོད་གཏོང་མཁན་དགོས་ཀྱི་ཡོད། ལྷག་པར་བོད་པའི་ནང་ཁུལ་བཀའ་མོལ་གནང་སྐབས་བོད་སྐད་བརྒྱབ་དགོས་ཅེས་གསུངས་རྗེས་སློབ་ཕྲུག་ཁག་ཅིག་གི་དྲི་བར་ལན་འདེབས་གསལ་བཤད་གནང་སྐབས་གཞོན་སྐྱེས་ཚོར་ནང་ཆོས་སློབ་གཉེར་གནང་དགོས་གལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་སྐོར་འགྲེལ་བརྗོད་གནང་ཡོད་པ་བཅས།།