༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༡༦ རེས་གཟའ་པ་སངས་ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཡི་ཝོན་བྷ་ཀེར་ (Yvon Baker) ལགས་དང་མཇལ་མོལ་གནང་ཡོད།
དེ་ཡང་མཇལ་མོལ་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་ཡི་ཝོན་བྷ་ཀེར་ལགས་བསྐྱར་དུ་འོས་འདེམས་བྱུང་བར་འཚམས་འདྲི་གནང་བ་དང་འབྲེལ་བོད་མི་ཚོར་མུ་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་དང་། འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན། བོད་མིའི་སྒྲིག་འཛུགས་ནས་ལོ་འཁོར་མོར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་སྐོར་གསུངས་ཡོད།
གྲོས་ཚོགས་འཐུས་མི་སྐུ་ཞབས་ཡི་ཝོན་བྷ་ཀེར་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་དང་མཇལ་མོལ་གནང་རྒྱུའི་གོ་སྐབས་ཐོབ་པར་དགའ་བསུ་དང་། བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གཙང་མ་ཡོད་པ་གསུངས་ཡོད་པ་བཅས། །