༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༡༣ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་ཡོད་པའི་ཁེ་ན་ཌ་གངས་ལྗོངས་ཆོས་ལྡན་གླིང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མ་ལོ་ནི་ (James Maloney) ལགས་དང་། སྐུ་ཞབས་ཀ་རིམ་སྦར་ཌཱི་སི་(Karim Bardeesy) ལགས། བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རིཕ་ཝི་རཱ་ནི་ (Arif Virani) ལགས་བཅས་དང་མཇལ་འཕྲད་གནང་ཡོད། སྐབས་དེར་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་རྣམ་གཉིས་ཀྱང་ལྷན་ཞུགས་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མ་ལོ་ནི་ལགས་དང་། སྐུ་ཞབས་སྦར་ཌཱི་སི་ལགས་རྣམ་གཉིས་ལ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་སྦྲགས། བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་ཨ་རིཕ་ཝི་རཱ་ནི་ལགས་ཀྱིས་ཁེ་ན་ཌ་གནས་སྡོད་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་ཁེ་ན་ཌའི་འགོ་ཁྲིད་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་ལས་འགུལ་ཤུགས་ཆེ་རུ་གཏོང་ཐབས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་ལོ་འདི་བྱམས་བརྩེའི་ལོར་སྲུང་བརྩི་ཞུ་རྒྱུའི་གཞུང་འབྲེལ་མཛད་སྒོའི་སྐོར་གྱི་གནས་ཚུལ་ཁག་ངོ་སྤྲོད་གནང་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌ་ནས་ཀྱང་དེ་བཞིན་སྲུང་བརྩི་ཞུ་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་བསླབ་བྱ་དང་། སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་ཀྱི་སློབ་གཉེར། (SEE learning) ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་བསླབ་བྱ་རྣམས་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་བཞིན་ཁོང་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དུ་ཁེ་ན་ཌའི་གྲོས་ཚོགས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་དགོས་པའི་གལ་གནད་ཀྱང་ནན་བརྗོད་གནང་ཡོད།
ཕྱོགས་མཚུངས་ཕྱི་ཚེས་ ༡༤ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཊའི་གྲོང་ཁྱེར་མོན་ཁྲེ་ཡོལ་ནང་ Bloc Quebecois ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཕ་རན་ཀི་ཧི་སི་བྷེ་ལེན་ཅིཊ་ (Francois Blanchett) ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ལེག་སི་སི་བུ་རུ་ནེ་ལི་དྲུ་སེ་པི་ (Alexis Brunelle) ལགས་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད།
མཇལ་མོལ་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་རྣམ་གཉིས་བསྐྱར་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་གནང་བ་དང་འབྲེལ་གྲོས་ཚོགས་འཐུས་མི་རྣམ་གཉིས་ཀྱི་རྒྱབ་སྐྱོར་འོག་སྔ་ལོར་ཁེ་ན་ཌའི་གྲོས་ཚོགས་སུ་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བའི་གྲོས་ཆོད་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། སྐབས་དེར་ Bloc Quebecois ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཕ་རན་ཀི་ཧི་སི་བྷེ་ལེན་ཅིཊ་ (Francois Blanchett) ལགས་ཀྱིས་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད།
མཇལ་འཕྲད་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། ཁེ་ན་ཌ་བོད་དོན་ལྷན་ཚོགས་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས། མོན་ཁྲེ་ཡོལ་བོད་རིགས་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་རྣམས་ཀྱང་མཉམ་ཞུགས་གནང་ཡོད། །