༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༡༡ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་ཨི་ཐ་ཁར་ (Ithaca) ཆེད་ཕེབས་ཀྱིས་བོད་རིགས་རྣམས་ལ་གསུང་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཚོགས་ཁང་དུ་ཕེབས་སྐབས་མང་ཚོགས་ནས་བོད་ལུགས་ཀྱི་དགའ་བསུ་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་སྣང་གསལ་ཞལ་ཕྱེ་གནང་རྗེས་ས་གནས་གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་རྗེས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་བློ་གྲོས་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་གྲུབ་མཚམས་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གསུང་བཤད་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ང་ཚོས་ཝ་ཤིང་ཊོན་དུ་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་སྐབས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་ཡོད་པ་མ་ཟད། འབྱུང་འགྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་མཛད་སྒོའི་ཐོག་གྲོས་ཚོགས་འཐུས་མི་རྣམས་ལ་མགྲོན་འབོད་ཞུས་ཡོད། ཅེས་དང་།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་། རྒྱལ་སྤྱིའི་ཆབ་སྲིད་ཐོག་དོ་སྣང་བྱེད་དགོས་པ། བཀའ་ཤག་སྐབས་བཅུ་དྲུག་པའི་ལས་གཞི་ཁག་འགྲེལ་བརྗོད་གནང་བ་དང་འབྲེལ་གྲངས་འཛིན་དཔེ་མཛོད་དང་། མི་མང་གི་དགོས་མཁོ་དང་བསྟུན་ནས་སྡོད་ཁང་གསར་རྒྱག་གི་ལས་གཞི་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད།
གཞན་ཡང་འཛམ་གླིང་ཁྱོན་ཡོངས་སུ་དྲག་སྤྱོད་དང་དམག་འཁྲུག་གི་སྐད་ཆ་མུ་མཐུད་དར་བཞིན་པའི་དུས་སྐབས་འདིར། ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་རྗེས་འབྲང་བ་ཡིན་པའི་ཆ་ནས། བྱམས་སྙིང་རྗེའི་བཀའ་སློབ་གོང་མཐོར་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
མཐར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་མཇུག་སྒྲིལ་བ་དང་ཆབས་ཅིག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨ་རིའི་གཞུང་འབྲེལ་མཛད་རིམ་ལེགས་པར་གྲུབ་རྗེས་ཁེ་ན་ཌར་ཕེབས་ཐོན་གནང་ཡོད་པ་བཅས།།