༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨེམ་ཧར་སི་ (Amherst) རུ་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་དགོས་གལ་སྐོར་གསུང་བཤད་གནང་བ་དང་། དེ་རྗེས་ས་གནས་བོད་མི་མང་ཚོགས་ལ་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་གློག་སྟོན་བརྙན་རིས་བརྒྱུད་བོད་མཐོ་སྒང་གི་གལ་གནད་སྐོར་གསུང་བཤད་གནང་ཞིང་། རྒྱ་ནག་གིས་ཆུ་མཛོད་གསར་རྒྱག་གཙོས་པའི་ལས་གཞི་དེ་དག་གིས་བོད་ཀྱི་རང་འབྱུང་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་སྐོར་འགྲེལ་བརྗོད་གནང་། དེ་བཞིན་ཁོང་གིས་རྒྱ་ནག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེ་ལོ་རྒྱུས་ཀྱི་ཐོག་ནས་བདེན་པ་མ་ཡིན་པ་ངོ་སྤྲོད་གནང་སྟེ་སློབ་དཔོན་ལའོ་ལགས་དང་། མ་ཧི་ཀལ་ཝན་ཝལ་པ་རག་ལགས་ཀྱིས་བརྩམས་པའི་དཔེ་དེབ་ཀློག་དགོས་པའི་གལ་གནད་དང་། རྒྱལ་སྤྱིའི་སྟེང་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ངོ་སྤྲོད་བྱེད་ཐུབ་ཅེས་གསུངས།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཨ་རིའི་མ་དངུལ་བསྐྱར་ཞིབ་གནང་བའི་དུས་སྐབས་སུ་བོད་མི་རྣམས་ལའང་དེའི་ཤུགས་རྐྱེན་ཐེབས་ཡོད། གང་ཡིན་ཟེར་ན་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ནས་བརྒྱ་ཆ་བཅུ་བཞི་ཙམ་ཨ་རིའི་རོགས་དངུལ་ཡིན་པ་སོང་ཙང་། ཐེངས་འདིའི་ཕྱོགས་ཕེབས་སྐབས་ཨ་རིའི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་གནང་དགོས་གལ་སྐོར། ལྷག་པར་དུ་དེ་ཨ་རིའི་ཁེ་ཕན་དང་མཐུན་གྱི་ཡོད་པའི་སྐོར་འགྲེལ་བརྗོད་རྒྱག་རྒྱུའི་གོ་སྐབས་བཟང་པོ་ཐོབ་བྱུང་། ཞེས་གསུངས། དེ་དང་འབྲེལ་ཁོང་གིས་བོད་པའི་གཞོན་སྐྱེས་རྣམས་ལ་འབྱུང་འགྱུར་ཕྱི་ཟླ་ ༠༦ ཚེས་ ༢༤ ནས་བཟུང་ཞུ་གཏུག་ཉིན་མོ་(Lobby Day) ཞེས་པའི་ནང་གང་མང་མཉམ་ཞུགས་གནང་སྟེ་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་གླེང་སློང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨེམ་ཧར་སི་གནས་སྡོད་བོད་མི་མང་ཚོགས་ལ་ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་དགོས་དམིགས་སྐོར་གསུང་སྐབས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་དང་ལས་བྱེད་བཅས་ཁྱོན་བསྡོམས་གནད་ཡོད་མི་སྣ་ ༢༦ དང་ལྷན་མཇལ་འཕྲད་གནང་བའི་རིམ་པ་ངོ་སྤྲོད་གནང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན་ནས་གྲོས་ཆོད་གཏན་འབེབས་གནང་རྒྱུའི་སྐོར་གྲོས་བསྡུར་བྱུང་ཡོད་སྐོར་དང་། ཨ་རིའི་རོགས་དངུལ་གཅོག་འཕྲི་གནང་བའི་སྐོར། དེ་བཞིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རི་རླུང་འཕྲིན་ཁང་གཉིས་ཀྱི་མ་དངུལ་མཚམས་འཇོག་གནང་བའི་གནད་དོན་བཅས་ཀྱི་སྐོར་གྲོས་མོལ་གནང་སྐབས་ཕྱོགས་ཚང་མས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པའི་སྐོར་སོགས་འགྲེལ་བརྗོད་གནང་།
དེ་མཚུངས་ཁོང་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་ཐབས་བྱུས་དང་འབྲེལ་གསུང་སྐབས་ཁོང་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་ད་ལྟའི་ཕྲལ་སེལ་གྱི་དཀའ་ངལ་ཙམ་མ་ཡིན་པར་ཕུགས་རྒྱང་རིང་པོར་དམིགས་ནས་ཕྱག་ལས་གནང་བཞིན་ཡོད། དེ་ཡང་བོད་མིའི་གཞིས་ཆགས་སྲ་བརྟན་ཡོང་སླད་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ས་ཆ་སྤྲོད་རྒྱུ་དང་། ཁང་པ་རྒྱག་རྒྱུ་སོགས་བཀའ་ཤག་ངོས་ནས་འགན་འཕར་མ་ཞིག་བླངས་ནས་ད་ལྟའི་བོད་མི་ཁང་པ་མེད་པ་རྣམས་ཀྱི་དཀའ་སེལ་ཙམ་མ་ཟད། མ་འོངས་པར་གཞིས་ཆགས་དེ་དག་སྲ་བརྟན་ཡོང་བ་ཡིན་ན་འཐབ་རྩོད་རྒྱུན་གནས་ཐུབ་ཀྱི་ཡོད། ཅེས་དང་། ད་ལྟའི་བཀའ་ཤག་གི་ཕྱག་ལས་གནང་སྟངས་དེ་ཕྱི་གསལ་ནང་གསལ་དང་། ངོ་ལྐོག་རྒྱབ་མདུན་མེད་པ། བོད་སྤྱི་པའི་དོན་དུ་ལྷག་བསམ་རྣམ་དག་ཐོག་ནས་འགྲོ་བཞིན་ཡོད་ཞུ་རྒྱུ་ཡིན། ཞེས་གསུངས།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་མང་གི་དོགས་དྲིར་ལན་འདེབས་གསལ་བཤད་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ་བོད་དང་བོད་མིའི་མགྲིན་ཚབ་ཀྱི་བརྒྱུད་ནས་བོད་པའི་གཞོན་སྐྱེས་ཚོར་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་ཐོག་ནས་ལེགས་ཉེས་རྣམ་པར་འབྱེད་ཐུབ་པའི་བློ་ཞིག་ཡོང་ཐབས་བྱ་རྒྱུ་གལ་ཆེན་པོ་ཡིན། ཞེས་གཟའ་མཇུག་སློབ་གྲྭ་སོགས་ཀྱི་ནངམགོན་པོ་གང་ཉིད་མཆོག་གི་ཕྱག་དེབ་ཀློག་དགོས་གལ་སྐོར་གསུངས། དེ་བཞིན་ཁོང་གིས་རྒྱ་ནག་དང་རྒྱ་གར་དབར་གྱི་ཚོང་གི་འབྲེལ་བ་དང་། རྒྱ་ནག་གི་དཔལ་འབྱོར་གནས་སྟངས་གཙོས་པའི་འཛམ་གླིང་གི་ཆབ་སྲིད་འགྱུར་ལྡོག་སྐོར་ངོ་སྤྲོད་གནང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཐབས་བྱུས་དབུ་མའི་ལམ་སྐོར་འགྲེལ་བརྗོད་གནང་ཡོད་པ་བཅས།།