༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༠༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་། བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཕེ་གྲི་རིག་མར་ཛི་མཆོག་ཇར་མན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།
དེ་ཡང་འཚམས་འཕྲིན་ནང་དཔལ་ལྡན་སྲིད་སྲིད་སྐྱོང་མཆོག་གིས། སྐུ་ཉིད་ཀྱིས་སྲིད་བློན་གྱི་ཐུགས་འགན་བཞེས་པ་ནི་ཇར་མ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ལེའུ་གསར་པ་ཞིག་ཙམ་མ་ཡིན་པར། འཛམ་གླིང་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མུ་མཐུད་གནང་རྒྱུའི་མཚོན་རྟགས་ཤིག་ཀྱང་ཡིན། བོད་མི་ཚོས་ཇར་མན་མི་མང་དང་། ཇར་མན་གྱི་གྲོས་ཚོགས་ཀྱིས་བོད་མིའི་འཚེ་མེད་ཞི་བའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཐོག་འབད་བརྩོན་གཡོ་མེད་གནང་བར་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད། ཅེས་དང་།
ཇར་མན་གྱི་དབུ་ཁྲིད་རིམ་པ་དང་། གྲོས་ཚོགས་འཐུས་མི་ཚོས་མུ་མཐུད་དེ་བོད་མི་རྣམས་ལ་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བ་དེ་ནི་ང་ཚོའི་རེ་བའི་སྒྲོན་མེ་ཞིག་ཡིན། ཇར་མན་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་དགོས་པའི་འབོད་སྐུལ་ཡང་ཡང་བྱས་ཡོད་ལ། ལོ་མང་རིང་ཇར་མན་གྱིས་བོད་པའི་སྐྱབས་བཅོལ་བ་རྣམས་དགའ་བསུ་ཞུས་པ་དང་། བོད་མི་ཁ་འཐོར་དུ་གནས་པའི་ཤེས་ཡོན་དང་རིག་གཞུང་གི་ལས་གཞི་ཁག་ལ་རྒྱབ་སྐྱོར་གནང་ཡོད། དེ་བཞིན་གྲོས་ཚོགས་ཀྱི་གྲོས་ཆོད་དང་། འགྲོ་བ་མིའི་རོགས་རམ། ཇར་མན་གྱི་སྤྱི་ཚོགས་དང་མཉམ་འབྲེལ་བཅས་ཀྱི་ལམ་ནས་བོད་མིའི་སྒྲིག་འཛུགས་དང་། སྤྱི་ཚོགས་ལ་གནང་བའི་རྒྱབ་སྐྱོར་དེ་དག་ལ་བོད་མི་ཚོས་བཀའ་དྲིན་ཆེན་པོར་བརྩིས་ཤིང་། བོད་མིའི་མི་རབས་ནས་མི་རབས་ཀྱིས་དེ་བཞིན་དྲན་ངེས་ཡིན།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྲིད་བློན་མར་ཛིའི་དབུ་ཁྲིད་འོག་ཇར་མན་དང་བོད་དབར་གྱི་འབྲེལ་བ་སྔར་ལྷག་གཏིང་ཟབ་ཏུ་འགྲོ་རྒྱུའི་རེ་བ་དང་ལྷན། ང་ཚོས་སྐུ་ཉིད་ཀྱི་དབུ་ཁྲིད་འོག་ཇར་མན་གྱིས་མུ་མཐུད་དེ་འཛམ་གླིང་ནང་དྲང་བདེན་དང་། མི་མང་ཚང་མའི་ཐོབ་ཐང་བཅས་གོང་མཐོར་གཏོང་རྒྱུ་ཡིན་པར་ཡིད་ཆེས་ཞུ་བཞིན་ཡོད། ཅེས་གསུངས་ཡོད།
མཐར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇར་མན་གྱི་སྲིད་བློན་ཕེ་གྲི་རིག་མར་ཛི་མཆོག་ཇར་མན་གྱི་སྲིད་བློན་གནང་བའི་དུས་ཡུན་རིང་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་ཆབས་ཅིག་ཇར་མན་གྱིས་མུ་མཐུད་དེ་བོད་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་གནང་ཡོད།།