༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༠༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཝ་ཤིང་ཊོན་ཌི་སི་རུ་བོད་དོན་ཞུ་གཏུག་དང་། ཨ་རིའི་རྒྱབ་སྐྱོར་ཤུགས་ཆེར་གཏོང་ཆེད་གལ་ཆེའི་ཚོགས་འདུ་ཁག་ཅིག་ནང་མཉམ་ཞུགས་གནང་ཡོད།
དེ་ཡང་ཐོག་མར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་སྙན་གྲགས་ཆེ་བའི་བསམ་མཛོད་བསྟི་གནས་ཁང་སྟེ་བུ་རུ་ཀིང་བསྟི་གནས་ཁང་དུ་ (Brookings Institution) བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་དུ་བྱང་ཨ་རི་སྐུ་ཚབ་དོན་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་རྣམ་པ་མཉམ་ཞུགས་གནང་ཡོད། ཚོགས་འདུ་དེར་ཨ་ཤི་ཡ་དང་ལྷག་པར་དུ་རྒྱ་ནག་གི་གནད་དོན་ཐོག་མཁས་པ་དང་། ཉམས་ཞིབ་པ་མཉམ་ཞུགས་གནང་ཞིང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྒྱ་ནག་གི་མི་རིགས་བཙན་བསྒྱུར་གྱི་སྲིད་བྱུས། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐད་ཐེ་བྱུས་བྱེད་སྲིད་པ་དང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་གནང་དགོས་པའི་གལ་གནད་ནན་བརྗོད་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ནིའུ་ཡོག་གི་སྐུ་ཚབ་གྲོས་ཚོགས་འཐུས་མི་མ་ཡིཀ་ལཱ་ལར་ལགས་དང་མཇལ་འཕྲད་གནང་སྐབས། གྲོས་ཚོགས་འཐུས་མི་ཁོང་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགའ་བསུ་གནང་བ་དང་། ཝ་ཤིང་ཊོན་དུ་ཚོགས་འདུ་ཚོགས་པ་ཁག་གི་གྲུབ་འབྲས་སྐོར་བཀའ་འདྲི་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སླད་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་པའི་གྲོས་ཆོད་ཅིག་ཆབ་སྲིད་ཚོགས་པ་གཉིས་ཀའི་རྒྱབ་སྐྱོར་ཐོབ་ཐབས་གནང་བཞིན་པའི་སྐོར་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐྱར་དུ་བསྐོ་བཞག་དགོས་པའི་སྐོར་ཡང་གླེང་སློང་གནང་ཡོད།
གྲོས་ཚོགས་འཐུས་མི་སྐུ་ཞབས་ལཱ་ལར་ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་། དེའི་ཆེེད་ཞབས་འདེགས་གང་ཐུབ་སྒྲུབ་རྒྱུའི་ཞལ་བཞེས་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ལ་རྒྱབ་སྐྱོར་ནི་འགྲོ་བ་མིའི་རིགས་ཀྱི་རང་བཞིན་ཙམ་མིན་པར། རྒྱ་ནག་ལ་གདོང་ལེན་བྱེད་པའི་ཨ་རིའི་ཁེ་ཕན་དང་མཐུན་པའི་ཐབས་བྱུས་ཀྱི་ཆ་ཤས་ཡིན་པར་ནན་བཤད་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་ཡུན་རིང་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་ཇེ་མི་རཱ་སི་ཀིན་ལགས་དང་མཇལ་འཕྲད་གནང་ཡོད། སྐུ་ཞབས་རཱ་སི་ཀིན་ལགས་ཀྱིས་བོད་ཀྱི་རྩོམ་པ་པོ་རྒྱུ་མཚན་མ་ངེས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་རྣམས་གློད་གྲོལ་དགོས་པའི་འབོད་སྐུལ་གནང་མྱོང་ཡོད་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་བཏོན་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ལ་འགྱུར་བ་མེད་པ་བསྐྱར་ནན་དང་སྦྲགས། ཞི་བའི་ཐབས་ལམ་གྱིས་རྩ་དོན་རྒྱུན་སྐྱོང་བྱེད་པ་ཙམ་མ་ཟད། རྒྱུན་གནས་ཐུབ་པ་དང་འགྲོ་གྲོན་ཉུང་བའང་ཡིན་པར་ནན་བཤད་གནང་ཡོད།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་རིམ་འདྲ་མིན་གྱི་མ་དངུལ་དགོས་མཁོའི་སྐོར་འགྲེལ་བརྗོད་གནང་སྐབས་མི་འབོར་དང་། སྐྱབས་བཅོལ་བ། གནས་སྤོ་ལས་ཁུངས་ཀྱིས་རྒྱབ་སྐྱོར་གནང་བའི་ལས་གཞི་རྣམས་ད་ཆ་མུ་མཐུད་འགྲོ་བཞིན་ཡོད་ཀྱང་། ལས་གཞི་གཞན་དང་ལྷག་པར་དུ་བོད་མིའི་སོར་ཆུད་ཀྱི་ལས་རིམ་ཁག་ལ་དཔལ་འབྱོར་རྒྱབ་སྐྱོར་བསྐྱར་གསོ་དགོས་པའི་སྐོར་གསུངས། དེ་བཞིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རི་རླུང་འཕྲིན་ཁང་གཉིས་ནི་བོད་ནང་གི་བོད་མི་ཚོའི་གནས་ཚུལ་ཐོབ་ཐབས་ཀྱི་གལ་ཆེའི་ཡོང་ཁུངས་ཡིན་པར་ནན་བཤད་གནང་། སྐུ་ཞབས་རཱ་སི་ཀིན་ལགས་དང་ཁོང་གི་ལས་བྱེད་རྣམ་པས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་བསྟན་པ་དང་། བོད་དོན་ནི་ང་ཚོའི་སེམས་ཐག་ཧ་ཅང་ཉེ་པོ་ཡིན་ཞེས་བརྗོད་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་ཨ་མི་བྷེ་ར་ལགས་དང་ལྷན་མཇལ་འཕྲད་གནང་། སྐུ་ཞབས་ཨ་མི་བྷེ་ར་ལགས་ནི་བཞུགས་སྒར་དྷ་རམ་ས་ལར་ཕེབས་མྱོང་བ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་མྱོང་ཡོད། ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནད་དོན་སྐོར་བཀའ་འདྲི་གནང་བར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེའི་ཐད་ཀྱི་ཐག་གཅོད་གང་ཡིན་ནའང་ཆ་ཚང་༸གོང་ས་མཆོག་ཁོ་ནའི་ཐུགས་དབང་ཡིན་པར་བསྐྱར་ནན་གནང་ཡོད། དེ་བཞིན་འདི་ལོར་བོད་བརྒྱུད་ནང་བསྟན་ཀྱི་དབུ་ཁྲིད་རྣམ་པ་ལྷན་འཛོམས་ཡོང་རྒྱུ་ཡིན་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེའི་ཐད་གསལ་བསྒྲགས་གནང་མིན་ད་དུང་གསལ་པོ་མེད་ཅེས་གསུངས།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༡ ལོའི་ལམ་སྟོན་ལ་གཞིགས་ན། ༸གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་སྐབས་འདི་སྐོར་གསལ་བཤད་གནང་སྲིད། འོན་ཀྱང་གལ་ཏེ་མགོན་པོ་གང་ཉིད་མཆོག་གིས་གསལ་བསྒྲགས་གང་ཡང་མི་གནང་བའི་ཐུགས་ཐག་གཅོད་གནང་ཚེ། དེར་གུས་བཀུར་ཞུ་དགོས་པའི་ནན་བཤད་གནང་། སྐུ་ཞབས་ཨ་མི་བྷེ་ར་ལགས་ཀྱིས་བསྔགས་བརྗོད་གནང་བ་དང་ཆབས་ཅིག་བོད་མི་མང་ལ་གང་ཐུབ་ཀྱི་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་འདུན་པ་བསྐྱར་ནན་གནང་།
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་ཚོ་དང་ལྷན་དུ་ཐུག་འཕྲད་གནང་སྟེ་ཁྲིམས་བཟོའི་རེ་སྐུལ་སྐོར་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་གནང་རྗེས་ལས་བྱེད་ཚོས་ནང་ཁུལ་གྲོས་བསྡུར་བྱེད་བཞིན་ཡོད་པ་གསུངས། ཁོང་ཚོས་འབྲས་བུ་ལྡན་པ་དང་། ཕན་ཐོགས་ཆེ་བའི་གྲུབ་འབྲས་ངེས་པར་དུ་ཡོང་རྒྱུའི་དམིགས་ཡུལ་དང་། བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་དང་། ཡི་གེ་འབྲི་རྒྱུའི་ཐབས་ལམ་འཚོལ་བར་གྲོས་ཚོགས་ཁང་གཞན་གྱི་ལས་བྱེད་དང་མཉམ་དུ་འབྲེལ་བ་གནང་རྒྱུ་ཡིན་པའི་ཞལ་བཞེས་་གནང་ཡོད་པ་བཅས།།