༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༠༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཇོ་ལྦིལ་སོན་ (Joe Wilson) ལགས་དང་མཇལ་འཕྲད་གནང་ཡོད། མཇལ་འཕྲད་སྐབས་གྲོས་ཚོགས་འཐུས་མི་ལྦིལ་སོན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་ནི་སེམས་ཤུགས་སྟེར་བའི་འབྱུང་ཁུངས་ཤིག་ཡིན་པའི་བསྔགས་བརྗོད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་སྟབས་བསྟུན་འཛམ་གླིང་ཡོངས་ལ་ཕན་པའི་མཛད་རྗེས་ལ་གུས་བརྩིའི་ཆེད་གྲོས་ཚོགས་ཀྱི་གྲོས་ཆོད་ཅིག་གཏན་འབེབས་གནང་རྒྱུའི་འཆར་གཞི་བཏོན་གནང་ཡོད། གྲོས་ཚོགས་འཐུས་མི་ལྦིལ་སོན་ལགས་ཀྱིས་འཆར་གཞི་དེར་རྒྱབ་སྐྱོར་གནང་བ་དང་། གྲོས་ཚོགས་ནང་གྲོས་ཆོད་དེ་མདུན་སྐྱོད་ཡོང་བར་འབད་བརྩོན་གནང་རྒྱུའི་ཞལ་བཞེས་གནང་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་གཉིས་ནས་ཉེ་ཆར་ཨ་རིའི་སྔོན་རྩིས་གཅོག་འཕྲི་དང་། བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་གླེང་སློང་གནང་ཡོད། གྲོས་ཆོགས་འཐུས་མི་ཇོ་ལྦིལ་སོན་ལགས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་དང་སྦྲགས། བོད་དོན་ཞུ་གཏུག་རྒྱུན་མཐུད་གནང་དགོས་པའི་གལ་གནད་སྐོར་གསུངས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྦ་ཤིང་ཊོན་ཌི་སི་རུ་ཡོད་པའི་ཕྱི་འབྲེལ་ལྷན་ཚོགས་སུ་ཨེ་ལི་ཡོ་ཏི་ཨེབ་རམ་སི་ (Elliott Abrams) ལགས་དང་མཇལ་འཕྲད་གནང་ཡོད། ཨེབ་རམ་སི་ལགས་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ནང་གི་གནད་ཡོད་མི་སྣ་ཞིག་ཡིན་པ་དང་། སྲིད་འཛིན་ཇོར་ཇི་ཝ་ཤིང་ཊོན་བྷུ་ཤུ་(George W. Bush) མཆོག་གི་འོག་རྒྱལ་སྲུང་ལྷན་ཁང་གི་སློབ་སྟོན་པ་གཞོན་པའི་གོ་གནས་བཟུང་མྱོང་བ་དང་། དེ་རྗེས་ཨ་རིའི་ཨི་རན་དང་ལྦེ་ནི་ཇུའི་ལའི་དམིགས་བསལ་སྐུ་ཚབ་ཏུ་ཕྱག་ལས་གནང་མྱོང་ཡོད། མཇལ་འཕྲད་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་གི་ཉེ་ཆར་གྱི་ལས་དོན་དང་། བོད་དོན་དང་འབྲེལ་བའི་གནད་དོན་སྐོར་ངོ་སྤྲོད་གནང་ཡོད། དེར་སྐུ་ཞབས་ཨེབ་རམ་སི་ལགས་ཀྱིས་ཐབས་བྱུས་ཀྱི་དགོངས་འཆར་གནང་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་འབྲེལ་ལམ་ཀྱི་ལས་འགུལ་ནང་བོད་མི་ཚོས་འགན་འཁྲི་བཞེས་དགོས་པར་ནན་བཤད་གནང་ཡོད། ཁོང་གིས་བོད་མིའི་གནད་དོན་ལ་དངོས་ཡོད་རང་བཞིན་དང་། བཟང་ཕྱོགས་ཀྱི་ནུས་པ་ལྡན་པ་ཞིག་ཡིན་པ་མ་ཟད། དེ་ཞུ་གཏུག་གི་ལས་འགུལ་ལ་མེད་དུ་མི་རུང་བ་ཞིག་ཡིན་པ་ནན་བརྗོད་གནང་།
ཕྱི་ཚེས་ ༩ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་རྣམ་པ་དང་ལྷན་མཇལ་འཕྲད་གནང་སྟེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་མཇུག་སྒྲིལ་ཡོད། ཐེངས་འདིའི་ཕྱོགས་ཕེབས་རིང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ལྷན་བཅར་ཞུས་ཡོད་པ་དང། ཁོང་དང་ལྷན་དུ་ནིའུ་ཡོག་ཏུ་བོད་ཀྱི་ཐེབས་རྩའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུར་མཉམ་ཞུགས་གནང་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མུ་མཐུད་དེ་ཨེམ་ཧར་སི་རུ་ཕེབས་ཏེ་ས་གནས་བོད་མི་ཚོ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་བཅས།།