༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༠༥ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇེཕ་མར་ཁི་ལི་ (Jeff Merkley) ལགས་དང་མཇལ་འཕྲད་གནང་ཡོད། སྐུ་ཞབས་ཇེཕ་མར་ཁི་ལི་ལགས་ནི་བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་དང་། ཕྱི་ལོ་ ༢༠༢༤ ལོའི་བོད་རྒྱའི་དཀའ་རྙོག་ཁྲིམས་འཆར་གྱི་གཙོ་ཆེའི་མི་སྣ་ཞིག་ཡིན། མཇལ་མོལ་སྐབས་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་བསྐྱར་ནན་གནང་བ་དང་སྦྲགས། བོད་རྒྱ་གྲོས་མོལ་བསྐྱར་མཐུད་ཀྱིས་གལ་གནད་སྐོར་ནན་བརྗོད་གནང་ཡོད། དེ་བཞིན་ཁོང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་ཐུགས་འཚབ་ཡོད་པ་དང་། ལྷག་པར་རྒྱ་ནག་གི་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭའི་ལམ་ལུགས་སྐོར་གསུང་སྐབས་གནད་དོན་འདི་ད་དུང་ཡང་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཉན་ཞིབ་ཀྱིས་དོ་སྣང་གཙོ་བོ་ཞིག་ཡིན་པ་གསུངས། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་ཁག་བརྒྱུད་བོད་མིའི་ངོ་བོ་རྩ་མེད་བཟོ་བའི་འབད་རྩོལ་གྱི་ཆ་ཤས་ཤིག་ཡིན་པ་གསལ་སྟོན་གནང་བ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་འབྱུང་འགྱུར་ཕྱི་ཟླ་ ༠༦ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་འཁྲུངས་སྐར་དེ་བཞིན་ཨ་རིའི་ཁེ་པི་ཊལ་ཧིལ་ (Capitol Hill) དུ་སྲུང་བརྩི་ཞུ་གཏན་ཁེལ་བ་དེར་སྐུ་ཞབས་མར་ཁི་ལི་ལགས་ལ་མགྲོན་འབོད་གནང་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཐེབས་རྩའི་བྷོབ་ཨེན་ཀར་སོན་ (Bob Ankerson) ལགས་དང་། ཉི་མ་ལགས། ཨ་རིའི་རོགས་སྐྱོར་ (USAID) གྱི་ཨན་ཇ་ལི་ཀཽར་ (Anjali Kaur) ལགས་བཅས་དང་ལྷན་གྲོས་མོལ་གནང་ཡོད།
ཕྱི་ཚེས་ ༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་གོང་འཕེལ་ལས་དོན་ཚན་པ་ (DRL) དང་། ལྷོ་དང་དབུས་ཨེ་ཤི་ཡའི་ས་ཁུལ་གྱི་ལས་དོན་ཚན་པ། (SCA) ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་རྣམ་གཉིས་ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སེ་གྷ་ཧམ་ (Lindsey Graham) ལགས་དང་མཇལ་འཕྲད་གནང་གྲུབ་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་རྣམས་དང་ལྷན་དུ་ཉིན་གུང་གསོལ་ཚིགས་དང་བསྟུན་གྲོས་མོལ་གནང་ཡོད། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་འཐུས་མི་སྐུ་ཞབས་གྷེ་རེ་གོ་རི་མིག་སི་ (Gregory Meeks) ལགས་དང་མཇལ་འཕྲད་གནང་སྐབས་སྐུ་ཞབས་མིག་སི་ལགས་ཀྱིས་བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བསྐྱར་ནན་གནང་བ་མ་ཟད། དེང་གི་དུས་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དེ་དག་སྔར་ལས་གལ་འགངས་ཆེ་བ་ཆགས་ཡོད་ཅེས་བརྗོད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཨ་རིའི་རོགས་དངུལ་གཅོག་འཕྲི་གནང་བ་དེས་བོད་པའི་ལས་གཞི་ཁག་ལ་ཉེན་ཁ་བཟོ་སྲིད་པའི་སྐོར་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་རྒྱུའི་གལ་གནད་སྐོར་གླེང་སློང་གནང་ཡོད།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་ལས་ཁུངས་སུ་གྲོས་ཚོགས་གོང་མའི་འཐུས་མི་ཊེ་ཌི་ཁུ་རུ་ཛི་ (Ted Cruz) ལགས་དང་ཁོང་གི་ལས་བྱེད་རྣམས་མཇལ་འཕྲད་གནང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གི་གལ་གནད་སྐོར་ནན་བཤད་དང་། དེ་དག་ནི་བོད་ནང་གི་བོད་མི་ཚོའི་གནས་ཚུལ་དྲིལ་བསྒྲགས་བྱེད་པའི་རླུང་འཕྲིན་ཁང་གལ་ཆེན་ཡིན་པ་གསུངས། གཞན་ཡང་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་རླུང་འཕྲིན་ཁང་དེ་དག་གི་མ་དངུལ་གཅོག་འཕྲི་གནང་བ་དེས་རྒྱ་ནག་གཞུང་ལ་ཁེ་ཕན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་སྐུ་ཚབ་དོན་ཁང་དུ་རྒྱལ་སྤྱིའི་གྲོང་ཁྱེར་དང་རྫོང་གི་འཛིན་སྐྱོང་མཐུན་ཚོགས་ (ICMA) ཀྱི་འགན་འཛིན་ལྕམ་ཤ་ར་དྷ་ཁ་རེལ་པཱན་ཌེ་(Shraddha Kharel Pandey) ལགས་དང་མཇལ་འཕྲད་གནང་ཡོད། ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་མོལ་གནང་བ་དེས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེར་གཏོང་བའི་ཐབས་བྱུས་ཀྱི་འབད་བརྩོན་མཚོན་གྱི་ཡོད་པ་བཅས།།