༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༢༡ ཉིན་གྱི་སྔ་དྲོར་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ (Rashtriya Swayamsevak Sangh) སྐུ་ཚབ་ཚོགས་ཆུང་དང་། ཧིན་དྷུའི་ཆོས་ལུགས་ཀྱི་དབུ་ཁྲིད་ཁག་གཅིག་བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་འདུག མཇལ་འཕྲད་དེའི་བརྒྱུད་བོད་བརྒྱུད་ནང་བསྟན་དང་། ཧིན་དྷུའི་ཆོས་ལུགས་བར་རིག་གཞུང་དང་སྲོལ་རྒྱུན་གྱི་ཐོག་ནས་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་མཚོན་ཐུབ་ཀྱི་ཡོད།
མཇལ་འཕྲད་གྲུབ་མཚམས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་དེ་དག་བོད་ཀྱི་འགྲེམས་སྟོན་ཁང་དུ་གཟིགས་སྐོར་དང་འབྲེལ་བོད་ཀྱི་ལོ་རྒྱུས་དང་བོད་མི་རིགས་ཀྱི་འཐབ་རྩོད་སྐོར་ལའང་རྟོག་ཞིབ་གནང་འདུག དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་ཚབ་ཚོགས་པར་ཕེབས་བསུ་ཟབ་རྒྱས་ཞུས་འདུག
སྐུ་ཚབ་ཚོགས་ཆུང་ནང་དུ་ཧིན་དྷུའི་དབུ་ཁྲིད་གྲགས་ཅན་སྭཱ་མི་ས་ཅི་ཌ་ནན་ཌ་ས་ར་སྭ་ཏི་ ( Swami Sachhidananda Saraswati ) མཆོག་ཕེབས་ཡོད་པ་དང་། ཁོང་ནི་པུཇྱ་སྭཱ་མི་ཌ་ཡ་ནན་ཌ་ས་ར་སྭ་ཏི་ (Pujya Swami Dayananda Saraswati ) མཆོག་གི་སློབ་མ་ཡིན་པ་དང་། ཝེ་དཱནྟ་ ( Vedanta ) དང་། སྒོམ་སྒྲུབ། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཐད་ལ་སློབ་ཁྲིད་གནང་མཁན་གྱི་བསོད་སྙོམས་པ་ཞིག་ཡིན། ད་ཆ་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཨར་ཤ་ཝི་ཌྱ་གུ་རུ་ཀུ་ལམ་ ( Arsha Vidya Gurukulam ) དང་། ཨར་ཤ་ཝི་ཌྱ་ཀེན་ཌ་རར་ ( Arsaha Vidya Kendra ) སློབ་ཁྲིད་གནང་གི་ཡོད། གཞན་ཡང་ཁོང་ཤྲི་ཝ་ས་ཝི་པི་ཊམ་ ( Sri Vasavi Peetam ) གྱི་འགན་འཛིན་ཡང་ཡིན་འདུག
དེ་བཞིན་སྐུ་ཚབ་ཚོགས་ཆུང་དེའི་ནང་ཤྲཱི་ཇ་ཡེནྡྲ་པུ་རི་སྭ་མི་ཇི་ ( Sri Jayendra Puri Swami ji ) ལགས་ཀྱང་ཕེབས་ཡོད། ཁོང་ནི་ཤྲཱི་ཀཻ་ལཱ་ཤ་ཨཱ་ཤྲ་མ་མ་ཧཱ་སཾ་སྠཱ་ན་ཐེབས་རྩ་ (Sri Kailash Ashrama Mahasamsthana Trust ) དང་། དེའི་ཁོངས་གཏོགས་སྒྲིག་འཛུགས་ཀྱི་ཆོས་ཕྱོགས་དབུ་ཁྲིད་ཞིག་ཡིན། ཁོང་ནི་ཆོས་ཕྱོགས་དང་གཞུང་ལུགས་ཀྱི་ཐོག་མཁྱེན་རྒྱ་ཟབ་ཅིང་། སྐད་རིགས་དུ་མའི་ཐོག་ནས་དད་ལྡན་པ་དང་དོན་གཉེར་ཅན་རྣམས་ལ་འབྲེལ་འདྲིས་གནང་བཞིན་ཡོད་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་འབྲེལ་བ་རྒྱ་ཆེ་ཡོད་པའི་མི་སྣ་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད།
གཟིགས་སྐོར་འདིའི་བརྒྱུད་ནས་ཆོས་ལུགས་ཕན་ཚུན་གོ་རྟོགས་གོང་འཕེལ་གཏོང་བ་དང་། རྒྱ་གར་དང་བོད་མི་བར་ཆོས་ཕྱོགས་ཀྱི་འབྲེལ་བ་ཤུགས་ཆེ་རུ་གཏོང་བའི་གོམ་པ་གལ་ཆེན་ཞིག་ཡིན་པ་མཚོན་གྱི་ཡོད།།