༄༅། །ཇར་མ་ནིའི་གཞུང་གི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཕ་རེང་ཤོ་བྷེ་ (Frank Schwabe) མཆོག་གིས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའམ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མྱུར་དུ་གློད་བཀྲོལ་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས་བྱེད་མི་ཆོག་པའི་སྐྱོན་བརྗོད་གནང་ཡོད།
དེ་ཡང་ཁོང་གིས་རྒྱ་གཞུང་ལ་པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་བཀྲོད་དགོས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་གཞིར་བཟུང་བོད་མི་རྣམས་ལ་རང་གི་ཆོས་ལུགས་ཉམས་ལེན་བྱེད་ཆོག་པའི་ཐོབ་ཐང་སྤྲོད་དགོས་པ། དེ་བཞིན་བོད་ཀྱི་སྲོལ་རྒྱུན་ལམ་ལུགས་ལྟར་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་ཆོག་པ། དེར་རྒྱ་ནག་གཞུང་ནས་ཐེ་བྱུས་བྱེད་ཆོག་ཀྱི་མེད། ཅེས་འཁོད་ཡོད།
དེ་མཚུངས་ཁོང་གིས་རྒྱ་གཞུང་ནས་བོད་མིར་གནོན་ཤུགས་བྱས་པའི་སྐོར་གསུང་སྐབས་རྒྱ་ནག་གཞུང་ནས་བོད་ཀྱི་རིག་གཞུང་དང་། ཆོས་ལུགས་བཅས་པའི་ངོ་བོ་རྩ་མེད་བཏང་ཐུབ་མེད་ཅེས་གསུངས།
སྐུ་ཞབས་ཕ་རེང་ཤོ་བྷེ་མཆོག་གིས་གནད་དོན་འདིའི་ཐད་ཡོངས་ཁྱབ་སྤེལ་བར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱི་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ (དགེ་འདུན་ཆོས་ཀྱི་ཉི་མ་) མཆོག་གི་གནད་དོན་ནི་འཛམ་གླིང་ནང་བཙན་དབང་གིས་གར་སོང་ཆ་མེད་དུ་གྱུར་པའི་གནད་དོན་ཡུན་རིང་ཤོས་ཤིག་ཡིན། ཁོང་བཙན་ཁྲིད་བྱས་པ་འདིས་ཁོང་གི་སྒེར་གྱི་ཐོབ་ཐང་ལ་བརྩི་མེད་ཚབས་ཆེན་བྱས་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་པ་རྣམས་ཀྱིས་རང་དབང་ངང་ཁོ་ཚོའི་ཆོས་ལུགས་དབུ་ཁྲིད་འདེམས་སྒྲུག་བྱེད་པ་དང་། ཆོས་ལུགས་ཉམས་ལེན་བྱེད་པའི་ཐོབ་ཐང་ལའང་བརྩི་མེད་བྱས་ཡོད། སྐུ་ཞབས་ཤོ་བྷེ་མཆོག་གི་དགོངས་འཆར་འདིས་ཡུ་རོབ་དང་འཛམ་གླིང་ཡོངས་ནས་གོ་ཐོས་བྱུང་བའི་བོད་མི་ཚོར་༸གོང་ས་མཆོག་དང་། པཎ་ཆེན་རིན་པོ་ཆེ་བཅས་རང་དབང་ངང་རང་གི་ཆོས་ལུགས་དབུ་ཁྲིད་འདེམས་སྒྲུག་བྱེད་པ་དང་། འཇིགས་སྣང་དང་མནར་གཅོད་མེད་པའི་སྒོ་ནས་རང་གི་ཆོས་ལུགས་ཉམས་ལེན་བྱེད་པའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྒྲ་དེར་སྐུལ་འདེད་གནང་ཡོད། ཅེས་གསུངས། །