༄༅། །ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའམ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་དུས་ཚིགས་དང་བསྟུན། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ནས་དྲི་བ་གསུམ་ཅན་གྱི་ཡིག་འབྲེལ་ཞིག་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལྷན་ཁང་གི་གཙོ་འཛིན་མཆོག་ལ་ཕུལ་འདུག
དེ་ཡང་ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཁག་བཞིའི་གྲོས་ཚོགས་འཐུས་མི་གྲངས་བདུན་ནས་སེམས་འཚབ་དང་སྦྲགས་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ཀཱ་ཇཱ་ཀ་ལ་སི་ (Kaja Kallas) མཆོག་ལ་ཕུལ་བའི་དྲི་བ་གསུམ་ཅན་གྱི་ཡིག་འབྲེལ་དེའི་ནང་། ཡུ་རོབ་མཐུན་ཚོགས་ངོས་ནས་རྒྱ་ནག་གཞུང་ལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་ཡོད་ཀྱི་གནས་སྟངས་ཁ་གསལ་བཟོ་རྒྱུར་གླེང་སློང་གནང་ཡོད་མེད་དང་། དེའི་གྲུབ་འབྲས་གང་བྱུང་ཡོད་མེད་སྐོར་འདྲི་རྩད་གནང་འདུག གཞན་ཡང་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལྷན་ཁང་གི་གཙོ་འཛིན་མཆོག་ནས་རིང་མིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་འཐབ་བྱུས་གྲོས་མོལ་གྱི་ཚོགས་འདུ་ཚོགས་སྐབས་གནད་དོན་འདིའི་སྐོར་གླེང་འཆར་ཡོད་མེད་དང་། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པ་ཆེ་མཆོག་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་བཏང་བའི་བྱ་སྤྱོད་དང་བོད་ནང་གི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བར་འགན་འཁུར་དུ་འཇུག་རྒྱུར་གང་གནང་རྩིས་ཡོད་མེད་སྐོར་དྲི་བ་ཞུས་འདུག ལྷག་པར་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པའི་གནད་དོན་དང་འབྲེལ། ཨ་རིའི་སྲིད་གཞུང་ནས་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་འདི་བཞིན་ནང་པ་སངས་རྒྱས་པའི་རྗེས་འབྲང་བོད་མི་རྣམས་ལ་ཐག་གཅོད་བྱ་རྒྱུའི་འགན་དབང་ཡོད་པའི་གཞུང་འབྲེལ་ལངས་ཕྱོགས་གཏན་འབེབས་གནང་བ་བཞིན། ཡུ་རོབ་མཐུན་ཚོགས་ནས་གནད་དོན་དེའི་ཐོག་ལངས་ཕྱོགས་གཏན་འབེབས་གནང་རྒྱུའི་དགོངས་བཞེས་ཡོད་མེད་འདྲི་བ་ཕུལ་ཡོད་པ་རེད། །