༄༅། །ཨོ་སྟྲེ་ལི་ཡ་ཡོངས་ནས་བོད་རིགས་གཞོན་སྐྱེས་བརྒྱ་ཙམ་ཞིག་ཨོ་སྟྲེ་ལི་ཡའི་ནིའུ་སཱའུ་ཝེལ་སི་ (New South Wales) མངའ་སྡེའི་ལྷོ་ཕྱོགས་མཚོ་འགྲམ་གྱི་གྲོང་ཁྱེར་ནོ་ར་རུ་ཉིན་གྲངས་བཞིའི་རིང་ཨོ་གླིང་རྒྱལ་ཡོངས་ཆིག་སྒྲིལ་བུམ་པའི་རྩེད་འགྲན་དང་། གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་རིག་གཞུང་འདུ་འཛོམས་ཐེངས་གཉིས་པ་དེ་ཚོགས་ཡོད།
ཨོ་གླིང་རྒྱལ་ཡོངས་ཆིག་སྒྲིལ་བུམ་པའི་རྩེད་འགྲན་འདི་ད་ཆ་ལོ་ངོ་ ༡༣ འཁོར་བཞིན་ཡོད་པ་དང་། ཨོ་སྟྲེ་ལི་ཡ་ནང་གི་བོད་རིགས་གཞོན་སྐྱེས་ཚོར་རྩེད་རིགས་གཙོ་བོ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་པ་རེད།
དེ་ཡང་བོད་རིགས་གཞོན་སྐྱེས་ཚོར་འབྲེལ་བ་གོང་སྤེལ་གཏོང་རྒྱུ་དང་། འབྲེལ་ལམ་བཟོ་རྒྱུ། དེ་བཞིན་རྩེད་མོ་དང་རིག་གཞུང་བརྒྱུད་ནས་ཁོང་ཚོའི་ངོ་བོ་མཉམ་སྤྱོད་བྱེད་རྒྱུ་བཅས་ལ་དམིགས་ཡོད། ཨོ་སྟྲེ་ལི་ཡ་ཡོངས་ཀྱི་ས་ཁུལ་འདྲ་མིན་ནས་ཡོང་བའི་རུ་ཁག་ ༡༩ ཡིས་འགྲན་བསྡུར་འདིར་མཉམ་ཞུགས་གནང་ཡོད་པ་དང་། དེའི་ནང་བུའི་རུ་ཁག་ ༩ དང་བུད་མེད་རུ་ཁག་ ༣ ཡོད། ནིའུ་ཁ་སལ་རུ་ཁག་གིས་འདི་ལོའི་མཐུན་སྒྲིལ་རྩེད་སྦྱོང་འགྲན་བསྡུར་ལ་རྒྱལ་ཁ་ཐོབ་པ་དང་། སིད་ནི་ཆོལ་གསུམ་དང་ནིའུ་ཁ་སལ་གྱི་བུད་མེད་རུ་ཁག་གིས་སོ་སོས་བུ་དང་བུད་མེད་ཀྱི་སིལ་སྤོལ་རྩེད་འགྲན་ལ་རྒྱལ་ཁ་ཐོབ་འདུག
མཐུན་སྒྲིལ་རྩེད་སྦྱོང་གི་མཐའ་མའི་རྩེད་མོ་མ་ཚུགས་གོང་གཟའ་མཇུག་སློབ་གྲྭ་ ༩ ཡིས་ནོ་ར་སྒྱུ་རྩལ་སློབ་གྲྭར་ཚོགས་པའི་རིག་གཞུང་འདུ་འཛོམས་ཐེངས་གཉིས་པར་མཉམ་ཞུགས་གནང་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་རིག་གཞུང་འདུ་འཛོམས་འདིའི་བརྒྱུད་སློབ་མ་རྣམས་ལ་སོ་སོའི་རྩལ་འདོན་པའི་སྡིངས་ཆ་གལ་ཆེན་ཞིག་བསྐྲུན་གྱི་ཡོད་པར་འབྲེལ་ཡོད་ཕ་མ་དང་དགེ་རྒན་རྣམ་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
གཞན་ཡང་དམིགས་བསལ་སྐུ་མགྲོན་ཨོ་སྟྲེ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྔ་བ་ཆོས་འཛིན་ལགས་ཀྱིས་གཞོན་སྐྱེས་ཚོར་རང་གི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སློབ་པར་གཟའ་མཇུག་བོད་ཡིག་སློབ་གྲྭའི་གལ་གནད་སྐོར་གསུང་བཤད་གནང་།
ཐེངས་འདིར་ཨོ་གླིང་རྒྱལ་ཡོངས་ཆིག་སྒྲིལ་བུམ་པའི་རྩེད་འགྲན་དང་། གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་གི་རིག་གཞུང་འདུ་འཛོམས་འདི་བཞིན་ནོ་ར་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་གནང་ཡོད་པ་བཅས།།