༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༡༦ ཉིན་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཕེབས་པའི་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཨན་ཊི་པོ་ལཱ་མེཊ་ (Anti Poolamets) ལགས་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨི་ཝི་ལིན་པོ་ལཱ་མེཊ་ (Evelin Poolamets) ལགས་རྣམ་གཉིས་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་དང་འབྲེལ། ཨི་སི་ཊོ་ནི་ཡའི་རྒྱལ་ས་ཊ་ལིན་ (Tallin) དུ་བོད་དོན་དང་འབྲེལ་བའི་ཚོགས་འདུ་གོ་སྒྲིག་ཡོང་བ་དང་། གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་སུ་བོད་དོན་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདོན་སྤེལ་ཡོང་བའི་ཞུ་སྐུལ་གནང་འདུག
དེ་ཡང་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམ་པར་ཨིན་ཡུལ་སྐུ་ཚབ་དོན་ཁང་གི་ལས་དོན་གནང་ཕྱོགས་སྐོར་སོགས་ཀྱི་ངོ་སྤྲོད་གནང་རྗེས་བོད་དོན་གནས་བསྡུས་ ༢༠༢༠ ཞེས་པའི་དཔེ་དེབ་ཕྱག་རྟགས་སུ་ཕུལ་ཡོད། ཕྱོགས་མཚུངས་ཨིན་ཡུལ་དང་བླངས་བོད་དོན་ཞུ་གཏུག་གི་རྒྱལ་ཡོངས་འབྲེལ་མཐུད་པ་ཏཱ་ར་ལྷ་མོ་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉའ་གནོན་ཅན་གྱི་སྲིད་བྱུས་ལ་བོད་མི་རྣམས་ནས་མུ་མཐུད་གདོང་ལེན་གནང་བཞིན་པའི་སྐོར་ཞིབ་ཕྲ་ངོ་སྤྲོད་དང་། ཡུ་རོབ་ཁུལ་དུ་གནས་སྡོད་བོད་མི་རྣམས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར་གསུངས།
ཕྱི་ཉིན་ཕྱི་ཚེས་ ༡༧ ཉིན་གྲོས་ཚོགས་འཐུས་མི་རྣམ་གཉིས་ཕྱིར་སྐུ་ཚབ་དོན་གཅོད་ལས་ཁུངས་ཆེད་ཕེབས་དང་འབྲེལ། དྲ་ལམ་བརྒྱུད་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་བོད་དོན་སྐོར་ངོ་སྤྲོད་གནང་ཡོད། སྐབས་དེར་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་ཉེ་ལམ་ཝི་ཏི་ནམ་དུ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་པ་དོགས་གཞི་ཅན་གྱི་གནས་ཚུལ་དང་འབྲེལ་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཇེ་ཆེར་གཏོང་བཞིན་པ་དང་། བོད་ནང་ཚད་ལས་བརྒལ་བའི་ཆུ་རགས་འཛུགས་བསྐྲུན་གྱི་ལས་གཞི་དང་གཞི་རྒྱ་ཆེ་བའི་གཏེར་ཁ་སྔོག་འདོན་གྱིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བཞིན་པ་མ་ཟད། གཞིས་བཞུགས་བོད་མིའི་འགྲོ་སྡུག་སྤྱོད་གསུམ་གྱི་རང་དབང་ལ་དམ་དྲག་གིས་བོད་ཐོག་དྲག་པོའི་ཁྲིམས་གཞི་བསྡམས་ཡོད་པ་གསལ་བཀྲོལ་གནང་ཡོད། གཞན་ཡང་ཨིན་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། འཛམ་གླིང་ཡུལ་ལུང་ཁག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བོད་དོན་ཞུ་གཏུག་གི་ལས་དོན་གནང་ཕྱོགས་སྐོར་གསུང་རྗེས་འཇམ་དབྱངས་ནང་པའི་ཆོས་ཚོགས་སུ་གཟིགས་སྐོར་གནང་ཡོད།
ཨིན་ཡུལ་དུ་ཉིན་གྲངས་གཉིས་རིང་ཕེབས་པའི་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་གཉིས་ནས་བོད་རྒྱའི་རྩོད་རྙོག་སྐོར་གོ་རྟོགས་ཟབ་མོ་བྱུང་ཡོད་པ་རེད་འདུག །