
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་རྒྱ་གར་བྱང་ཤར་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་བ་ ༤ པའི་ཚེས་ ༢༤ ནས་ ༢༥ བར་སྤྱི་འཐུས་རྣམ་གཉིས་ནས་ཀ་སྦུག་དང་། ལ་ཝ། ཨལ་གྷ་ར། སྤོས་སྡོང་ས་གནས་བཅས་བོད་མིའི་འདུ་སྡོད་ཁག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཕེབས་གནང་ཡོད།


ཉིན་རྒྱབ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དང་། ཀ་སྦུག་གཡུ་ལོ་བཀོད་རྒས་གསོ་ཁང་བཅས་ལ་གཟིགས་སྐོར་གནང་རྗེས། ས་གནས་ཀ་སྦུག་མ་ཎི་ཚོགས་ཆུང་དང་། ཆོལ་ཁ་གསུམ། ས་གནས་བུད་མེད་དང་གཞོན་ནུ་ཚོགས་པ་བཅས་ཐུན་མོང་ནས་ཕྱོགས་ཕེབས་སྤྱི་འཐུས་རྣམ་གཉིས་ལ་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུས་འདུག
ཕྱི་ཚེས་ ༢༥ ཉིན་ཞོགས་པ་ཀ་སྦུག་མ་ཎིའི་ལྷ་ཁང་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་ཐོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ་དང་། དེ་རྗེས་ལ་ཝ་ (Lava) ས་གནས་སུ་ཕེབས་ཐོན་གནང་སྟེ། བཀའ་བརྒྱུད་ཐེག་ཆེན་ཆོས་གླིང་དགོན་པར་མཆོད་མཇལ་དང་། དགོན་པའི་སློབ་གྲྭ་དང་སྨན་ཁང་ལ་གཟིགས་སྐོར་གནང་རྗེས། དགོན་པའི་ཚོགས་ཆེན་འདུ་ཁང་ནང་སྤྱི་འཐུས་རྣམ་གཉིས་ནས་གྲྭ་མང་ཡོངས་ལ་གསུང་བཤད་དང་། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག













