༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ཧྥ་རན་སི་སི་ (Pope Francis) མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་ཡོད།
དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཡེ་ཤུའི་བླ་ཆེན་པོབ་ཀྱི་གདན་ས་ཝེ་ཊི་ཀན་གྱི་གཞུང་ཚབ་ཁང་གི་སྐུ་ཚབ་ལེའོ་པོལ་ཌོ་གྷི་རེལ་ལི་ (Leopoldo Girelli) མཆོག་གི་མཚན་ཐོག་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་། ཡེ་ཤུའི་བླ་ཆེན་པོབ་ཧྥ་རན་སི་སི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་ཕམ་དང་ཐུགས་སྨོན་མཛད་ཅིང་། བླ་ཆེན་དམ་པ་དེ་ཉིད་ཀྱི་དད་ལྡན་རྗེས་འབྲང་པ་ཡོངས་ལ་ཐུགས་གསོ་མཛད་ཡོད།
གཞན་ཡང་ཐུགས་གསོའི་གསུང་འཕྲིན་ནང་། ཡེ་ཤུའི་བླ་ཆེན་དམ་པ་པོབ་ཧྥ་རན་སི་སི་མཆོག་གིས་ངལ་བ་ཁྱད་བསད་ཀྱིས་གཞན་ཕན་བསྒྲུབས་པ་བརྒྱུད་སྐུ་ཚེ་དོན་དང་ལྡན་པ་སྐྱེལ་ཡོད་སྐོར་གསུང་ཞིང་། མང་ཚོགས་ནས་དུས་རྒྱུན་དུ་སེམས་པ་བཟང་པོ་དང་གཞན་ལ་ཕན་པ་བསྒྲུབ་རྒྱུ་ནི་ཞིང་གཤེགས་བླ་ཆེན་དམ་པ་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་མཆོག་དེ་ཡིན་པ་བཀའ་སྩལ་འདུག །