༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༢ ཉིན་རྒྱ་གར་བྱང་རྒྱུད་ཀྱི་ཇམྨུ་དང་ཀཤ་མཱིར་མངའ་སྡེའི་པཱ་ཧལ་གམ་ (Pahalgam) ཁུལ་དུ་འཇིགས་སྐུལ་པ་ཁག་ཅིག་གིས་འཇབ་རྒོལ་བྱས་ཏེ་ཡུལ་སྐོར་བ་མི་གྲངས་ ༢༦ རྐྱེན་འདས་སུ་བཏང་བ་དང་། མི་གྲངས་ ༡༧ ཙམ་ལ་རྨས་སྐྱོན་ཕོག་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པར། བོད་མིའི་སྒྲིག་འཛུགས་ངོས་ནས་དོན་རྐྱེན་དེའི་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་མྱ་ངན་གུས་འདུད་དང་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་བྱེད་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་ཡོད།
སྐབས་དེར་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་གསུང་དོན། དེ་རིང་སྲིད་སྐྱོང་ཚོགས་ཁང་དུ་མཆོད་འབུལ་སྨོན་ཞུ་དགོས་དོན་ནི། ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༢ ཉིན་རྒྱ་གར་བྱང་རྒྱུད་ཀྱི་ཇམྨུ་དང་ཀཤ་མཱིར་མངའ་སྡེའི་པཱ་ཧལ་གམ་ཁོངས་གཏོགས་སུ་ཡོད་པའི་ Baisaran ཞེས་པའི་ཡུལ་སྐོར་སྤྲོ་འཆམ་ཕེབས་སའི་ས་ཆ་ནང་རྐྱེན་ངན་གྱི་དོན་རྐྱེན་བྱུང་ནས་ཁྱོན་མི་གྲངས་ ༢༦ རྐྱེན་ལམ་དུ་ཕྱིན་པ་དང་། མི་གྲངས་ ༡༧ ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པར་བརྟེན་རྒྱ་གར་དབུས་གཞུང་དང་། མངའ་སྡེ་སོ་སོའི་ནང་མཆོད་འབུལ་སྨོན་ལམ་དང་། དེ་བཞིན་མར་མེ་ཁྲོམ་སྐོར་གནང་ཡོད། ལྷག་པར་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་དྷ་རམ་ས་ལའི་ཚོང་ཁང་སྒོ་བརྒྱབ་ཡོད།
ང་ཚོས་གནས་ས་དེ་རྒྱ་གར་རྒྱལ་ཁབ་ནང་གནས་ཡོད་སྟབས། རྒྱ་གར་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེད་དང་། ལྷག་པར་དོན་རྐྱེན་དེའི་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་མྱ་ངན་གུས་འདུད་དང་། དེ་བཞིན་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་དེ་རིང་གི་མཆོད་འབུལ་སྨོན་ལམ་འདི་གོ་སྒྲིག་ཞུས་ཡོད། དེར་བརྟེན་རྣམ་པ་ཚོ་ཚང་མས་ཐུགས་སྨོན་སྐྱབས་འཇུག་གནང་རོགས། ཞེས་གསུང་བཤད་གནང་རྗེས་བསྔོ་སྨོན་གསུང་འདོན་དང་སྦྲགས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་ ༤ ནས་དབུས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་བཅས། །