༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༢༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༦ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཆེད་ཟླ་གཅིག་རིང་གི་གོ་རྟོགས་ལས་རིམ་དེ་བཞིན་དབུ་འཛུགས་གནང་ཡོད།
སྐབས་དེར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས། འབྲེལ་ཡོད་ལས་བྱེད། གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དབུ་འབྱེད་གསུང་བཤད་གནང་སྐབས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་དུ་ཕྱིན་ནས་ལོ་ངོ་ ༣༠ ཕྱིན་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་གཏུག་རབ་དང་རིམ་པར་བྱས་ཡོད་ཀྱང་། རྒྱ་ནག་གཞུང་ནས་དོན་དང་ལྡན་པའི་ལན་འབྱོར་མེད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྟངས་འཛིན་ཐོག་ལའང་ད་བར་ཡ་ལན་འབྱོར་མེད་པ་དེས་བོད་མི་ཚོར་མུ་མཐུད་སྡུག་བསྔལ་དང་བོད་ནང་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཡོད་པའི་བསྐྱར་ནན་ཞིག་ཡིན་པ་གསུངས། ཁོང་གིས་བོད་མིའི་འཐབ་རྩོད་དེ་མུ་མཐུད་གནས་པར་བོད་མི་དང་། ལྷག་པར་གཞོན་སྐྱེས་རྣམས་ནས་རེ་བ་མ་བརླག་པའི་ཐོག་ནས་འབད་བརྩོན་གནང་དགོས་གལ་ཡིན་པ་གསུངས།
དེ་ཡང་གོ་རྟོགས་ཀྱི་ལས་རིམ་འདི་ནི་ཕྱི་ཟླ་ ༤ ཚེས་ ༢༥ སྟེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་ནས་བཟུང་ཕྱི་ཟླ་ ༥ ཚེས་ ༡༧ ཏེ་ཁོང་བཙན་ཁྲིད་བྱས་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་བར་དུ་སྤེལ་རྒྱུ་ཡིན་ཞིང་། ལས་རིམ་འདི་བརྒྱུད་མང་ཚོགས་ཁྲོད་གོ་རྟོགས་སྤེལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་བདེ་ཐང་དང་། ད་ལྟའི་གནས་སྟངས་ཐད་གསལ་བཤད་དགོས་པའི་གནོན་ཤུགས་སྤྲོད་ཐབས་ཡིན་པ་རེད།
ལས་རིམ་འདིའི་བརྗོད་གཞི་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྗེས་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་སྐོར། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཀྱི་ལས་རིམ་འགོ་འཛུགས་གནང་ཡོད་པ་དང་། གསུང་བཤད་འདི་ནི་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ནས་གནང་ཡོད།
གཞན་ཡང་ཟླ་བ་གཅིག་རིང་བདུན་ཕྲག་རེར་ལས་རིམ་སྣ་ཚོགས་གོ་སྒྲིག་གནང་རྒྱུ་ཡིན་པ་དང་། དེའི་ནང་རེས་གཟའ་པ་སངས་འཆར་ཅན་བོད་ཀྱི་འགྲེམས་སྟོན་ཁང་དུ་མཁས་དབང་རྣམ་པའི་གསུང་བཤད་དང་། རེས་གཟའ་ལྷག་པའི་ཉིན་བོད་ཀྱི་འགྲེམས་སྟོན་ཁང་གི་ཚོགས་ཁང་དུ་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་སྟོན་རྒྱུ་ཡིན་པ་བཅས།།