༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༡༩ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སིམ་ལར་ལས་རིམ་ཁག་ལེགས་པར་གྲུབ་རྗེས་སིམ་ལ་ནས་ཕེབས་ཐོན་གྱིས་ཉིན་རྒྱབ་ས་ཊོན་ཁམས་ཀཿཐོག་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ཁམས་ཀཿཐོག་དགོན་གྱི་དབུ་བླ་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་དང་། ས་གནས་འགོ་འཛིན་ཨོ་རྒྱན་ཆོས་སྒྲོན་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་དྭང་ཟུར་སྐྱིད་སྡུག་གི་འབྲེལ་མཐུད་པ། དེ་བཞིན་ས་གནས་མི་མང་བཅས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཕགས་ཡུལ་སྔ་འགྱུར་ཀཿ་ཐོག་རྙིང་དགོན་དུ་འཚམས་གཟིགས་གནང་གྲུབ་མཚམས་མི་མང་རྣམས་མཉམ་འཛོམས་ཐོག་ས་གནས་འགོ་འཛིན་ཨོ་རྒྱན་ཆོས་སྒྲོན་ལགས་ནས་ས་ཊོན་གཞིས་ཆགས་ཀྱི་བྱུང་རབས་དང་། ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་རྗེས། འཕགས་ཡུལ་སྔ་འགྱུར་ཀཿ་ཐོག་རྙིང་དགོན་གྱི་གྲྭ་བཙུན་གཞོན་པ་རྣམས་ནས་ལེའུ་བརྒྱད་ཅན་གྱི་གླིང་བྲོ་གཟིགས་འབུལ་ཞུས།
དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མི་མང་ལ་གསུང་བཤད་གནང་དོན། ཁམས་ཀཿཐོག་བོད་མིའི་གཞིས་ཆགས་འདི་མི་འབོར་ཆ་ནས་ཆུང་བ་ཡིན་སྟབས་ནང་ཁུལ་ཚགས་ཚུད་དགོས་རྒྱུ་གལ་ཆེན་པོ་རེད། ལྷག་པར་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་པར་བརྟེན་ནས་ང་ཚོའི་མི་རབས་བཟོས་ཐུབ་པ་བྱུང་བ་དང་། མ་འོངས་པ་གནས་དང་མི་གནས་དེ་ད་ལྟའི་མི་རབས་ལ་རག་ལུས་ཡོད། ཅེས་དང་།
ད་ལྟའི་འཛམ་གླིང་གི་གནས་སྟངས་དང་ལྷག་པར་བོད་ནང་གི་གནས་ཚུལ་རྣམས་ཤེས་རྟོགས་དགོས་པའི་སྐོར་གསུང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་རྩ་མེད་བཟོས་དང་བཟོ་བཞིན་པའི་སྐབས་འདིར་བཙན་བྱོལ་གྱི་ཕྲུ་གུ་རྣམས་ལ་བོད་ཡིག་སློབ་སྦྱོང་སྤྲད་དེ་བོད་ཀྱི་ཐུན་མིན་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ཉར་ཚགས་བྱེད་དགོས་གལ་ཡིན་པ་གསུངས་པ་དང་སྦྲགས། ཆོས་རིག་ལས་ཁུངས་ནས་དགོན་སྡེ་ཁག་གི་དཔེ་ཆ་རྣམས་ཉར་ཚགས་ཆེད་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་སྐོར་འགྲེལ་བརྗོད་གནང་།
དེ་བཞིན་བོད་མིའི་གཞིས་ཆགས་ཁག་ཏུ་མི་འབོར་ཉུང་དུ་འགྲོ་བཞིན་པ་དང་། སློབ་གྲྭ་ཁག་ཏུ་སློབ་ཕྲུག་མེད་པ་སོགས་ཀྱི་དཀའ་ངལ་སྐོར། ཤེས་རིག་གི་ཚོགས་ཆུང་བརྒྱུད་སློབ་གྲྭ་ཁག་ཉུང་དུ་གཏོང་རྒྱུའི་འཆར་གཞི་སྐོར། བོད་མི་རྣམས་ཀྱི་ས་ཆའི་དཀའ་རྙོག་དང་འབྲེལ་གཞིས་སྤོ་ལས་གཞིའི་སྐོར་སོགས་གསལ་བཤད་གནང་།
དེ་མཚུངས་ཨ་རིའི་སྲིད་གཞུང་ནས་བོད་རྒྱ་རྩོད་རྙོག་གི་ཁྲིམས་ཡིག་གཏན་འབེབས་གནང་བའི་གནད་དོན་ཐོག་བཀའ་འདྲི་ཞུས་པར་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཆེ་ཤོས་དེ་བོད་ཀྱི་ལོ་རྒྱུས་བྱུང་རབས་ཐོག་ཡིན་པ་དང་། ཁྲིམས་ཡིག་དེའི་ནང་བོད་དེ་ད་ལྟའང་སེལ་རྒྱུ་ཡིན་པའི་དཀའ་རྙོག་ཞིག་ལ་ངོས་འཛིན་བྱེད་ཡོད་པ་དེས་རྒྱ་ནག་གིས་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་འགྲེལ་བརྗོད་དེར་ཁ་གཏད་གཅོག་གི་ཡོད་ལ། བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་མ་འོངས་པ་སེལ་དགོས་ཚེ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་སེལ་དགོས་ཀྱི་རེད་ཅེས་འཁོད་པའི་གནད་དོན་དེ་དག་སྐོར་འགྲེལ་བརྗོད་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་སྐོར་ངོ་སྤྲོད་གནང་བ་བཅས།།