༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སིམ་ལ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭར་ཕེབས་འབྱོར་སྐབས་སློབ་གྲྭའི་སློབ་སྤྱི་པདྨ་རྒྱལ་མཚན་ལགས་ཀྱིས་གཙོས་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད། དེ་ནས་སློབ་གྲྭའི་སློབ་སྤྱི་པདྨ་རྒྱལ་མཚན་ལགས་ཀྱིས་སློབ་གྲྭའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་གྲུབ་མཚམས་སློབ་ཕྲུག་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས།
དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གནང་སྐབས་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ཚུལ་དང་། བོད་ནས་བཙན་བྱོལ་དུ་གྱར་བའི་བརྒྱུད་རིམ་བཅས་ཀྱི་སྐོར་ངོ་སྤྲོད་གནང་། དེ་བཞིན་བོད་ཀྱི་ས་ཁམས་ཆགས་ཚུལ་དང་། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་བོད་ཀྱི་གལ་གནད། རྒྱ་གར་དང་བོད་དབར་ཀྱི་ཆོས་ཕྱོགས་དང་། སྐད་ཡིག་གི་འབྲེལ་བ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད།
དེ་རྗེས་སིམ་ལའི་ས་གནས་མི་མང་རྣམས་ལ་གསུང་བཤད་གནང་དོན། ཕྱི་ཚེས་ ༡༧ ཉིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ས་ཆའི་གནད་དོན་ཐོག་གང་ཐུབ་རོགས་སྐྱོར་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ནང་དུའང་ཆ་བཞག་ན་བློན་ཆེན་ཁག་དང་ཐུག་འཕྲད་བྱེད་སྐབས་ཕལ་ཆེེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་མྱོང་བ་དང་། མགོན་པོ་གང་ཉིད་མཆོག་གི་གསུང་ཐོས་མྱོང་བ་དང་ཕྱག་དེབ་བཀླགས་མྱོང་མཁན་ཤ་སྟག་ཡིན་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དམ་ཚིག་གཡོ་མེད་ཡོད་པ་སོང་ཙང་ང་ཚོར་བརྩི་མཐོང་ཡོང་གི་འདུག
འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པ་དང་བསྟུན་འཛམ་གླིང་ཁྱོན་ཡོངས་ལ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུ་དང་། འདི་བརྒྱུད་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་བྱམས་བརྩེ་དང་། འཚེ་བ་མེད་པ་གཉིས་ད་ལྟའི་དུས་ཚོད་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བསྟན་བདག་བླ་ཆེན་རྣམ་པ་ཚོ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་གིས་འཛམ་གླིང་ནང་གོ་རྟོགས་སྤེལ་ཐུབ་ཡོད། ང་ཚོའི་ངོས་ནས་ཀྱང་ཤུགས་རྒྱབ་དགོས་ཀྱི་རེད། དེ་དང་མཉམ་དུ་བོད་པའི་གནད་དོན་དེ་རང་བཞིན་གྱིས་སླེབས་ཐུབ་ཀྱི་ཡོད། ཅེས་གསུངས།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གོ་སྟོན་དང་འབྲེལ་བའི་ལས་དོན་སྤེལ་ཕྱོགས་སྐོར་ལམ་སྟོན་གནང་སྐབས་བོད་པའི་སྤྱི་ཚོགས་ནང་ཁུལ་ཙམ་མ་ཡིན་པར་རྒྱ་གར་གྱི་ཡུལ་མི་དང་ལྷན་དུ་ལས་འགུལ་གང་མང་སྤེལ་དགོས་པ་དང་། མཐོ་སློབ་ཁག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་དང་འབྲེལ་བའི་འགྲེམས་སྟོན་གོ་སྒྲིག་ཞུ་རྒྱུ། བོད་དང་རྒྱ་གར་གྱི་ལོ་རྒྱུས་སྐོར་གསུང་བཤད་ཀྱི་ལས་རིམ་གོ་སྒྲིག་ཞུས་ཐུབ་པ་ཡིན་ན་བོད་དོན་སྐོར་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པའི་སྐོར་གཞན་ལ་གོ་རྟོགས་སྤེལ་བར་ཕན་ཐོགས་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་།
དེ་རྗེས་ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྔ་འགྱུར་རྙིང་མའི་མ་དགོན་ཐུབ་བསྟན་རྡོ་རྗེ་བྲག་དགོན་དུ་ཆོས་མཇལ་དང་། སིམ་ལ་སྤྱི་ཁྱབ་ལས་ཁུངས། སིམ་ལ་བོད་མིའི་ལག་ཤེས་བཟོ་གྲྭ ས་གནས་འཕྲོད་བསྟེན་སྨན་ཁང་། སྔོན་འགྲོ་སློབ་གྲྭ་བཅས་སུ་འཚམས་གཟིགས་ཕེབས་ཡོད་པ་བཅས།།