༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༢༣ ཉིན་རྒྱ་གར་གྱི་རྒྱས་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཅེས་པའི་སྐོར་གྱི་དྲ་ཐོག་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་དྲ་ཐོག་བགྲོ་གླེང་འདིའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱག་དེབ་འདི་ཉིད་རྩོམ་སྒྲིག་པ་དང་སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་གར་གཏན་འཇགས་སྐུ་ཚབ་ཚོགས་མི་ཟུར་པ་སྐུ་ཞབས་དྷི་ལིབ་སིན་ཧཱ་ (Dilip Sinha) ལགས་ཀྱིས་གཙོས་ཕྱི་ནང་གི་ཚོགས་བཅར་བ་བརྒྱ་ཕྲག་བརྒལ་བར་དྲ་ལམ་བརྒྱུད་མཉམ་ཞུགས་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ནན་བརྗོད་གནང་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་གྱི་སྐོར་གསུང་སྐབས་ང་ཚོས་མཐའ་གཉིས་ཀྱི་སྐོར་ཤེས་དགོས། མཐའ་གཅིག་ནི་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་དེ་ཡིན། ཞེས་གསུངས།
དེ་རྗེས་ཁོང་གིས་བོད་དང་རྒྱ་ནག་དབར་གྱི་ལོ་རྒྱུས་ཐོག་རྩོད་རྙོག་དང་འབྲེལ་བའི་སྐོར་ལ་གསུངས་སྐབས་བོད་ཀྱི་ལོ་རྒྱུས་དང་། རྒྱ་ནག་གི་ལོ་རྒྱུས་ཐོག་ཞིབ་བསྡུར་དཔྱད་སྐབས་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་བརྩིས་མྱོང་མེད་ཅེས་གསུངས་པ་མ་ཟད། སོག་པོ་དང་། མིང་། ཆིང་བཅས་ཀྱི་རྒྱལ་རབས་དང་འབྲེལ་བའི་སྐོར་དང་། དེང་དུས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཆ་ནས་ཀྱང་ཞིབ་བསྡུར་གྱིས་གསལ་བཤད་གནང་།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་ཆོས་ཕྱོགས་ཀྱི་ལྟ་གྲུབ་དེ་བཞིན་དེང་དུས་ཀྱི་ཆབ་སྲིད་ལ་སོགས་དངོས་ཡོད་གནས་ལུགས་དང་མཐུན་པའི་སྒོ་ནས་བོད་ཙམ་མ་ཡིན་པར་འགྲོ་བ་སྤྱིའི་བདེ་དོན་ལ་སྨན་པའི་ཐབས་ལམ་བསྐྲུན་པའི་སྐོར་འགྲེལ་བརྗོད་གནང་རྗེས་ཕྱག་དེབ་འདིའི་རྩོམ་སྒྲིག་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཕྱག་དེབ་དེའི་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བཅས་ཀྱི་སྐོར་དགོངས་ཚུལ་ཟབ་ཅིང་རྒྱས་པ་གནང་ཡོད་པ་བཅས།།