༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༢༠ རེས་གཟའ་ཉི་མའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ས་ཊོན་བོད་མིའི་གཞིས་ཆགས་ནས་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་བསྟན་འཛིན་རིན་ཆེན་ལགས་གཙོས་པའི་སྒ་པ་བདེ་དོན་ཚོགས་པའི་ཚོགས་གཙོ་སྤྱི་ཟུར་གྲའུ་ཚེ་བརྟན་བུ་ཁྲིད་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས། དགེ་འདུན་པ་དང་ས་གནས་མི་མང་བཅས་ནས་གུས་བརྩི་ཆེན་པོས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྒ་སྐྱེ་རྒུ་དགོན་ས་ངོར་ཆོས་ཚོགས་བརྩེ་ཆེན་བསམ་གྲུབ་གླིང་དགོན་དུ་གནས་གཟིགས་གནང་རྗེས། ས་འཐུས་ཚོགས་ཁང་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། སློབ་གྲྭ་བཅས་སུ་འཚམས་གཟིགས་རིམ་པར་གནང་རྗེས་ཀུམ་རའོ་མི་མང་ཚོགས་ཁང་དུ་ས་གནས་མི་མང་ལྷན་འཛོམས་གནང་ཞིང་། ས་གནས་འགོ་འཛིན་བསྟན་འཛིན་རིན་ཆེན་ལགས་ནས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་།

དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་སྐབས་ཐོག་མར་ས་ཆའི་གནད་དོན་དང་འབྲེལ་བའི་སྐོར་ནན་བརྗོད་གནང་དོན། ང་རང་ཚོའི་མི་ནས་ས་ཆའི་སྐོར་གཟབ་གཟབ་གནང་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ཚོགས་པའི་ངོས་ནས་ཀྱང་ས་ཆ་ཉུང་ཤས་ལས་མེད་པ་རྣམས་བདག་པོ་ནན་པོ་རྒྱག་དགོས། ཞེས་ལམ་སྟོན་གནང་།
དེ་ནས་བཀའ་ཤག་སྐབས་ ༡༦ པའི་ཕྱག་ལས་གནང་ཕྱོགས་དང་ཐབས་བྱུས་སྐོར་ངོ་སྤྲོད་གསལ་བཤད་གནང་དོན། སྒྲིག་འཛུགས་ཤིག་ལ་མི་མང་ཧ་ཅང་གལ་ཆེན་པོ་ཡིན་པ་བཞིན། མི་མང་ལའང་བོད་སྤྱི་པའི་རྩ་དོན་དང་བདེ་སྡུག་ཞུ་སའི་སྒྲིག་འཛུགས་ཤིག་དགོས་ངེས་ཡིན། དེར་བརྟེན་མི་མང་དང་སྒྲིག་འཛུགས་བར་གྱི་འབྲེལ་ལམ་དམ་ཟབ་ཡོང་སླད་ངས་གཞིས་ཆགས་ཁག་ཏུ་བཅར་གྱི་ཡོད།

ང་ཚོའི་ལས་འགན་གལ་ཆེ་ཤོས་ནི་བོད་རྒྱའི་རྩོད་རྙོག་སེལ་རྒྱུ་དེ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་གཏན་འབེབས་སྲིད་བྱུས་ནི་དབུ་མའི་ལམ་ཡིན་ཞིང་། དེ་སྒྲུབ་པའི་ཐབས་བྱུས་ནི་བོད་ཀྱི་ལོ་རྒྱུས་ལ་ངོས་འཛིན་གསལ་པོ་དགོས་པ་དེ་ཡིན། ཐབས་བྱུས་དེ་ཡང་དང་པོ། རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་ཞེས་ལོ་རྒྱུས་འཁྱོག་བཤད་ལ་བདེན་པའི་གོ་བརྡ་སྤྲོད་དགོས། གཉིས་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་ལོ་རྒྱུས་ཐོག་ཞིབ་འཇུག་གཏིང་ཟབ་གནང་སྟེ་རྒྱ་ནག་གཞུང་གི་ཁྲིམས་འགལ་ཀྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་དགག་པ་རྒྱག་དགོས། གསུམ་པ། བོད་པའི་སྤྱི་ཚོགས་ནང་དུ་བོད་ཀྱི་ལོ་རྒྱུས་དང་བྱུང་རབས་སྐོར་གོ་རྟོགས་སྤེལ་དགོས། བཞི་པ། བོད་པའི་སྤྱི་ཚོགས་སུ་རང་བཙན་དང་དབུ་མའི་ལམ་གྱི་རྩོད་ལེན་པ་རྣམས་ཀྱི་འཐབ་རྩོད་ཀྱི་དམིགས་ཡུལ་གཅིག་ཡིན་པས། ནང་ཁུལ་འཆམ་མཐུན་ནན་པོ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས།

དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་ལོ་གཉིས་ལྷག་རིང་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་ཐོག་ཧུར་བརྩོན་བྱས་པས་ཨ་རིའི་སྲིད་གཞུང་ནས་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་གལ་ཆེན་ཞིག་གཏན་འབེབས་བྱུང་ཡོད་པ་ངོ་སྤྲོད་གནང་། ཁྲིམས་ཡིག་དེའི་ནང་དོན་གཙོ་བོ་ནི། བོད་ཀྱི་གནད་དོན་ནི་ད་དུང་སེལ་དགོས་པའི་དཀའ་རྙོག་ཅིག་ཡིན་པར་ངོས་འཛིན་བྱས་ཡོད་པ་དང་། མ་འོངས་པར་བོད་ཀྱི་དཀའ་རྙོག་དེ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་སེལ་དགོས་པ། དེ་བཞིན་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ངེས་པར་དུ་ཡོད་པ་བཅས་གསལ་པོར་བཀོད་ཡོད།
དེ་ནས་ཁོང་གིས་མུ་མཐུད་ང་ཚོས་ཨ་རིའི་གཞུང་ལ་བོད་དེ་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་འབོད་སྐུལ་ཞུ་མུས་ཡིན། རྒྱ་གཞུང་གིས་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པར་བཤད་པ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་བཞེས་གནང་མེད་ལ་བོད་མིའི་སྒྲིག་འཛུགས་ནས་ཀྱང་ངོས་ལེན་གནང་མེད། ཁྲིམས་ཡིག་འདི་ནི་བོད་མིའི་ལོ་རྒྱུས་ཐོག་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཡིན། ཞེས་དང་།

དེ་རྗེས་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་གནད་དོན་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། རྒྱ་བལ་གཉིས་ནང་གནས་སྡོད་བོད་མི་རྗེས་འབྱོར་བ་ཁྱིམ་ཚང་ ༡༨༠༠ ལ་ཁང་པ་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད། དེ་བཞིན་གཞིས་ཆགས་ཁག་གི་མི་འབོར་ཉུང་དུ་འགྲོ་བཞིན་པ་དང་། སློབ་གྲྭ་ཁག་ཏུ་སློབ་ཕྲུག་དཀོན་པོར་གྱུར་པའི་གནས་སྟངས་བཅས་སེལ་ཆེད། ང་ཚོས་གཞིས་སྤོ་ལས་གཞི་བརྩམས་ཏེ་གཞིས་ཆགས་སྲ་བརྟན་བཟོ་རྒྱུའི་ལས་འགུལ་སྤེལ་མུས་ཡིན། ཞེས་འགྲེལ་བརྗོད་གནང་ཡོད།

མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་བར་བོད་པའི་སྤྱི་ཚོགས་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རྒན་རབས་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་གནས་ཐུབ་ཡོད། ད་ཆ་དེ་དག་མུ་མཐུད་གནས་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ལས་འགན་ཡིན། གལ་ཆེ་ཤོས་ནི་ནང་ཁུལ་རྙོག་དྲ་རྣམས་ཞི་སྒྲིག་བྱས་ཏེ་༸གོང་ས་མཆོག་གི་ཐུགས་བཞེད་ལྟར་གནས་དགོས། སྤྱི་ཚོགས་ཀྱི་འགོ་ཁྲིད་རྣམས་ཀྱིས་ལྷག་བསམ་རྣམ་དག་དང་། ངོ་ལྐོག་རྒྱབ་མདུན་མེད་པའི་སྒོ་ནས་སྤྱི་དོན་ཞབས་འདེགས་ཞུ། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་མི་མང་གི་མངོན་འདོད་ལྟར་འགྲོ་ལུགས་རྣམས་སྲ་བརྟན་བཟོ་རྒྱུར་འབད་བརྩོན་བྱེད་མུས་ཡིན་ཞེས་གསུངས་ཡོད་པ་བཅས།།