༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༢༥ ཉིན་གྱི་སྔོ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕ་རཱན་སིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་ཕ་རཱན་སིའི་སྲིད་འཛིན་སྐུ་ཞབས་མེག་རོན་ (Mr Macron ) མཆོག་སླར་ཡང་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ད་བར་ང་ཚོས་སོ་སོའི་གནའ་བོ་ནང་པའི་རིག་གཞུང་སྲུང་སྐྱོབ་ཆེད་དུ་འཐབ་རྩོད་བྱེད་བཞིན་པར་ཕ་རཱན་སིའི་དབུ་ཁྲིད་རིམ་བྱོན་དང་མི་མང་གིས་གྲོགས་པོའི་འདུ་ཤེས་བཟུང་སྟེ་སྐུལ་མ་དང་རྒྱབ་སྐྱོར་གནང་དང་གནང་བཞིན་པ་ནི་བོད་མི་རྣམས་ལ་མཚོན་ན་བསོད་བདེ་ཆེན་པོ་རེད།
ང་ཚོའི་ནང་པའི་རིག་གཞུང་ནི་ཞི་བདེའི་རིག་གཞུང་སྟེ་འཚེ་བ་མེད་པ་དང་བྱམས་སྙིང་རྗེ་ལྡན་པའི་རིག་གཞུང་ཡིན་ཞིང་། རིག་གཞུང་དེས་འགྲོ་བ་མིའི་རིགས་ཡོངས་ལ་ཁེ་ཕན་སྒྲུབ་ཐུབ་པའི་རིག་གཞུང་ཞིག་ཆགས་ཡོད། གོ་སྐབས་འདི་བརྒྱུད་ངོས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཕ་རཱན་སིའི་དབུ་ཁྲིད་རྣམ་པ་དང་མི་མང་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངོས་ཀྱིས་སྐུ་ཉིད་ཀྱིས་ཕ་རཱན་སིའི་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་པར་མདུན་དུ་ལྷགས་པའི་དཀའ་ངལ་ཁག་ལ་གདོང་ལེན་གནང་རྒྱུའི་མཚོན་པའི་འབྱུང་འགྱུར་གྱི་བྱེད་སྒོ་མཐའ་དག་ལམ་ལྷོངས་ཡོང་བ་དང་། དེ་བཞིན་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཡོང་བར་ཞབས་འདེགས་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།