༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོ
དེ་ཡང་ཐའེ་ཝན་དུ་གསུམ་བཅུ་དུས་དྲན་དེ་བཞིན་ནམ་རྒྱུན་ནས་ཐའེ་ཝན་བོད་རིགས་ཚོགས་པ་དང་གཞོན་ནུ་ཚོགས་པ་གཉིས་ནས་གཙོ་གཉེར་དང་། གཞན་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་ནས་གཞོགས་འདེགས་རྐང་འགན་བྱེད་བཞིན་ཡོད་ཀྱང་། ད་ལོ་ནས་བོད་པ་རང་གི་རྐང་འགན་འོག་གསུམ་བཅུ་དུས་དྲན་གྲ་སྒྲིག་བཟོ་རྒྱུའི་འཆར་གཞི་སྒྲིག་པ་ལྟར། ནང་ཁུལ་ཚོགས་འདུ་རེ་འགའ་ཚོགས་ཏེ་ཕྱི་ཟླ་ ༣ ཚེས་ ༡ ཉིན་དྲ་ལམ་བརྒྱུད་ཐའེ་ཝན་སྐུ་ཚབ་དོན་གཅོད་དང་ཐའེ་ཝན་དུ་རྒྱ་ཡིག་སློབ་སྦྱོང་བྱེད་བཞིན་པ་ལྷ་རམས་དགེ་བཤེས་རྒན་འཇམ་དཔལ་མཁྱེན་བརྩེ་ལགས། རྒྱ་ཡིག་སློབ་སྦྱོང་བྱེད་མཁན་འབུམ་རམས་པ་སྒྲོལ་མ་ཚེ་རིང་ལགས། རྒྱ་ཡིག་སློབ་སྦྱོང་བྱེད་མཁན་ཞིབ་འཇུག་སློབ་མ་ཚེ་རིང་མཐར་ཕྱིན་ལགས་བཅས་གདན་འདྲེན་ཞུས་ཏེ། ཧ་ལམ་ཚོུད་གསུམ་ཙམ་རིང་བོད་མིའི་རང་དབང་སྒེར་ལངས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་རླབས་ཆེའི་དགོངས་གཞི། བོད་དང་རྒྱ་གར་ནང་འཚར་ལོངས་དང་སློབ་སྦྱོང་གོ་སྐབས་ཀྱི་ཁྱད་པར་བཅས་ཐོག་གསུང་བཤད་བགྲོ་གླེང་དྲ་ལམ་ཐོག་ཐད་གཏོང་ཞུས་པ་མང་ཚོགས་ལ་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཡོད།
ཕྱི་ཟླ་ ༣ ཚེས་ ༢ ཉིན་ལས་བགོས་བྱས་པ་ལྟར་ཐའེ་ཝན་གཞུང་ཁོངས་མིན་པའི་ཚོགས་པ་ཁག་ནས་གོ་སྒྲིག་གནང་བ་ལྟར། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲོས་ཚོགས་འཐུས་མི་ཧུང་ཧྲིན་ཧང་ལགས་དང་། ཝང་ཝང་ཡུས་ལགས། ལིང་ཅིང་དབྱིང་ལགས། སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་གདན་འདྲེན་ཞུས་ཏེ་གསུམ་བཅུ་དུས་དྲན་གྱི་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་བསྐོངས་པ་དང་། གསར་འགོད་ལྷན་ཚོགས་ཐོག་གྲོས་ཚོགས་འཐུས་མི་དང་སྐུ་ཚབ་དོན་གཅོད་ཀྱི་གསུང་བཤད་ཁག་རྒྱ་ཨིན་བརྒྱུད་ལམ་མང་པོར་ཐོན་པར་མ་ཟད། དེ་བརྒྱུད་ཕྱི་ཟླ་ ༣ ཚེས་ ༥ ཉིན་གྱི་ཞི་བའི་ཁྲོམ་བསྐོར་ལས་འགུལ་ཁྱབ་བསྒྲགས་རྒྱ་ཆེ་ཕྱིན་ཡོད།
ཕྱི་ཟླ་ ༣ ཚེས་ ༥ རེས་གཟའ་སྤེན་པའི་ཉིན་གུང་ཚོུད་ ༡ ཐོག་ཐའེ་སྡོད་བོད་རིགས་ཚོགས་པ་དང་གཞོན་ནུ་ཚོགས་པས་གཙོ་བོ་གོ་སྒྲིག་བྱེད་པའི་བོད་མིའི་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༣ འཁོར་བའི་ཞི་རྒོལ་ཁྲོམ་བསྐོར་གྱི་ལས་འགུལ་ཐའེ་པེ་གྲོང་ཁྱེར་དཀྱིལ་ནས་འགོ་འཛུགས་ཞུས་པ་དང་། ཁྲོམ་སྐོར་ལས་འགུལ་དུ་ཐའེ་ཝན་གྲོས་ཚོགས་དང་ཐའེ་པེ་གྲོས་ཚོགས་ཀྱི་འཐུས་མི། ཡུ་གུར་དང་ཧོང་ཀོང་། ཡུ་ཀེ་རན། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་འཐུས་ཚབ། ཐའེ་ཝན་དང་བོད་མི་ཆིག་སྟོང་མ་ཟིན་ཙམ་ལྷན་འཛོམས་ཀྱིས་བོད་ཀྱི་རྒྱལ་དར་རླུང་གིས་ལྷབ་ལྷབ་གཡོ་བའི་བརྗིད་ཉམས་ཀྱི་རྣམ་པའི་ཁྲོད་དུ། ཁྲོམ་སྐོར་འཐབ་འཁོར་ཞེས་སྣུམ་འཁོར་གྱི་གཡས་གཡོན་གཉིས་སུ་ད་ཐེངས་ཞི་རྒོལ་ལས་འགུལ་གྱི་བརྗོད་གཞི་གཙོ་བོ་ཆོས་ལུགས་རྩ་མེད། རིག་གཞུང་རྩ་མེད། མི་རིགས་རྩ་མེད་ཅེས་འཕྲེད་དར་ཆེན་པོ་སྦྱར་བ་མ་ཟད། སྣུམ་འཁོར་གྱི་སྟེང་ཐོག་ལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཏེ་ཕྱོགས་བཞིར་སྒྲ་བསྐྱོད་འཁྲུལ་སྒམས་བཀལ་བ། མདུན་ཐང་དུ་རྒྱ་མིའི་དམག་ཆས་སྤྲས་མཁན་གཉིས་ནས་ཉེ་ལམ་བོད་བྲག་མགོ་ནས་སྟོན་པའི་སྐུ་ཆེན་པོ་གཏོར་བའི་དངོས་བྱུང་གནས་ཚུལ་འཁྲབ་སྟོན་གྱི་ལམ་ནས་མི་མང་ལ་གོ་བརྡ་སྤྲོད་པ་སོགས་ངོ་བོ་འདྲ་མིན་ཐོག་ལས་འགུལ་སྤེལ་བ་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་རེ་རེ་བཞིན་སྣུམ་འཁོར་སྟེང་འཛེགས་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་བ་སོགས། ཆུ་ཚོད་གཅིག་དང་ཕྱེད་རིང་སྐད་འབོད་དང་འཁྲབ་སྟོན། གསུང་བཤད་སོགས་བདེན་པའི་འབོད་སྒྲ་ནམ་མཁའི་དབྱིངས་སུ་ཁྱབ་པ་དང་འབྲེལ་ཐའེ་པེ་ཁྲོམ་གཞུང་དཀྱིལ་ནས་བཤགས་ཏེ་མང་ཚོགས་ལ་ཁྱབ་བསྒྲགས་ཆེན་པོ་བྱུང་ཡོད།
ད་ཐེངས་ཁྲོམ་སྐོར་གྱི་ལས་འགུལ་སྐབས་སུ་གང་ལྗོགས་དཔེ་སྐྲུན་ཁང་ནས་དཔེ་དེབ་ཁག་འགྲེམས་ཚོང་དང་འབྲེལ་བོད་དོན་གདུང་སེམས་ཉམས་བསྐྱེད་དེབ་སྔོན་པོའི་ཁྲབ་བསྒྲགས་ཀྱང་གང་ལེགས་སྤེལ་ཡོད་པ་དང་། ད་ལོ་ཐའེ་ཝན་དུ་གསུམ་བཅུ་དུས་དྲན་གྱི་ལས་འགུལ་དུ་ད་དུང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་ནས་སྐུ་ཚབ་དོན་གཅོད་གདན་འདྲེན་ཞུས་ཏེ་བོད་ནང་གི་ཆབ་སྲིད་བཙོན་པའི་སྐོར་གྱི་བགྲོ་གླེང་ཞིག་ཕྱི་ཟླ་ ༣ ཚེས་ ༩ ཉིན་སྤེལ་འཆར་དང་། ཟླ་ ༣ ཚེས་ ༡༠ སྔ་དྲོ་ཐའེ་ཝན་གྲོས་ཚོགས་ནང་དུ་ལས་འགུལ་ཆེན་པོ་ཞིག་སྤེལ་འཆར། བོད་རིགས་ཚོགས་པ་ནས་ཟླ་ ༣ ཚེས་ ༡༠ དགོང་མོར་ཀ་ཁ་ག་ང་ཚོགས་ཁང་དུ་གསུང་བཤད་དང་སྨོན་ལམ་གྱི་ལས་འགུལ་གོ་སྒྲིག་ཞུས་པ་དང་བཅས། །
ཐའེ་ཝན་དུ་ལས་འགུལ་སྣ་རིགས་སྤེལ་ཏེ་གསུམ་བཅུ་དུས་དྲན་སྲུང་བརྩི་ཞུས་པ།
གསར་གནས།

འབྲེལ་གནས།
