༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༨ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ཚོགས་ཁང་དུ་གཞིས་མིར་གསུང་བཤད་ལས་རིམ་དུ་ཕེབས་འབྱོར་སྐབས་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་དོན། སྐབས་བཅོ་ལྔ་པའི་བཀའ་ཤག་གི་ལས་ཡུན་དང་གུས་པའི་ལས་ཡུན་གཙང་ལ་ཉེ་བའི་སྐབས་འདིར་ངས་བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་དགོས་པའི་བོད་སྐུལ་ཞུ་རྒྱུ་ཡིན། ད་ཆ་རྒྱལ་སྤྱིའི་ཁྲོད་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐབས་མི་ཁག་གཅིག་གིས་བོད་མི་ནང་ཁུལ་རྙོག་གླེང་བཟོ་བཞིན་པ་དེས་མ་འོངས་བོད་ཀྱི་རྩ་དོན་ལ་གནོད་གཞི་ཅན་དུ་འགྱུར་སྲིད་པ་རེད།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་འདས་པའི་ལོ་ངོ་བཅུའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་དོན་དང་། རྒྱལ་སྤྱིའི་འབྲེལ་ལམ་སོགས་གང་ཅིའི་ཐད་གང་ལེགས་གྲུབ་ཡོད། བཙན་བྱོལ་བོད་མི་རྣམས་ནས་ཕྲན་རང་ལ་བོད་དོན་དང་བོོད་མིའི་ཆེད་ཞབས་འདེགས་ཞུ་རྒྱུ་གོ་སྐབས་གནང་བ་ནི་ཧ་ཅང་རྩ་ཆེན་པོ་རྩི་བཞིན་ཡོད་པ་དང་། མང་ཚོགས་ནས་དུས་དང་རྣམ་པ་ཀུན་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་དོན།
བཀའ་ཤག་སྐབས་བཅོ་ལྔ་པའི་ལས་ཡུན་རིང་བོད་རྒྱ་གཉིས་དབར་གྲོས་མོལ་སླར་གསོ་བྱུང་མེད་ནའང་། བོད་མིའི་སྒྲིག་འཛུགས་ནས་ལས་དོན་གཞན་མང་དག་ཅིག་ལེགས་པར་བསྒྲུབས་ཐུབ་ཡོད། དཔེར་ན། ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དང་། རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིས་བྱུས་ ༢༠༡༤ (Tibetan Rehabilitation Policy 2014) ཞེས་པ་ལག་བསྟར་གནང་ཡོད་སྐོར་སོགས་གསུངས། །