ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༧ རེས་གཟའ་སྤེན་པ།༄༅། །སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༧ ཉིན་མཇུག་སྒྲིལ་ཡོད།
དེ་ཡང་ཚོགས་འདུ་ཉིན་མཐའ་མའི་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་དོན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པར་ཞུ་རྒྱུར། དེ་རིང་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་བཅོ་བརྒྱད་ཙམ་འཇོག་ཐུབ་པ་བྱུང་འདུག གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གཅིག་དང་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གཅིག་འཇོག་ཡོད། གྲོས་འཆར་གསུམ་བྱུང་བ་རེད། བཀའ་ཤག་གི་གསལ་བཤད་གཅིག་བྱུང་བ་རེད། དཔལ་འབྱོར་ལས་རིམ་བཞི་བྱུང་བ་རེད། དཔལ་འབྱོར་ལས་རིམ་བཞི་ནི། དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ། བསྐྱར་བཅོས་སྔོན་རྩིས་གཏོང་ལེན། ཕྱི་ལོ་ ༢༠༢༡ ་་་་་༢༠༢༢ ལོའི་གཏོང་ལེན་བཅས་ཡིན།
དེ་ནས་དྲི་བ་དྲིས་ལན་གཅིག་བྱུང་བ་དང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་གཅིག གཞུང་འབྲེལ་གྱི་གྲོས་ཆོད་བཞི། སྤྱི་འཐུས་སྒེར་གྱི་གསལ་བཤད་གཅིག་བཅས་ཆགས་ཡོད། དེ་རིང་གསལ་པོ་ཞུ་རྒྱུར། ཕྱི་ཟླ་ ༩ ནང་གྲོས་ཚོགས་འཚོགས་རྒྱུ་དེ་ནི་བཅའ་ཁྲིམས་དོན་ཚན་ ༤༠ དགོངས་དོན་བཞིན་ནད་ཡམས་ཀྱི་རྐྱེན་པས་ཚུགས་ཐུབ་ཀྱི་མེད་སྟབས། ཚོགས་འདུ་ཕར་འགྱངས་བྱས་པ་དེ་བཅའ་ཁྲིམས་དོན་ཚན་ ༦ དང་། དོན་ཚན་ ༤༩ པའི་ནང་གསེས་ ༢ གཞིར་བཟུང་ཕར་འགྱངས་བྱེད་པ་ཞིག་ཡིན། ཞེས་ཞུ་རྒྱུ་ཡིན།
དེ་ནས་སྤྱི་མང་གཏུག་བཤེར་དང་འབྲེལ་བའི་དོན་ཚན་ ༦༩ པའི་ཏ་པའི་ཐོག་ལ་བཀའ་མོལ་ཧ་ཅང་མང་པོ་བྱུང་སོང་། དེར་བརྟེན་ཆེས་མཐོ་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་གསུམ་ཆ་གཉིས་ལས་ལྷག་གིས་ཚོར་སྣང་གང་ཡོད་པ་རྣམས་མཁྱེན་པ་གནང་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན། ཐེངས་འདིའི་གྲོས་ཚོགས་འདི་ཚོགས་གཙོའི་ངོས་ནས་ཚོར་སྣང་ངམ་མཐོང་སྣང་གང་འདྲ་བྱུང་སོང་ཞེས་ཞུ་ན། འདིའི་སྔོན་ལ་གྲོས་ཚོགས་ཚུགས་པའི་སྐབས་སུའང་ཞུས་པ་ཡིན། གྲོས་ཚགས་ཀྱིས་མང་ཚོགས་སྣེ་ཁྲིད་དེ་འགྲོ་དགོས་ཀྱི་ཡོད་ཀྱང་། ང་ཚོའི་གྲོས་ཚོགས་འདི་སྤྱི་ཚོགས་དྲ་ལམ་དེ་འདྲས་གྲོས་ཚོགས་སྣེ་ཁྲིད་ནས་འགྲོ་གི་ཡོད་པ་ལྟ་བུ་མཐོང་སོང་། དེས་མགོ་མཇུག་སློག་པ་ལྟ་བུའི་ཚོར་སྣང་བྱུང་། ལྷག་པར་སྤྱི་ཚོགས་ནང་དཀྲུག་རྐྱེན་བཟོ་མཁན་གྱི་རྗེས་སུ་འབྲང་ནས་གནས་ཚུལ་མང་པོ་ཞིག་འདིར་གླེང་ཡོང་གི་འདུག མ་འོངས་པར་དེ་རིགས་མེད་ན་ཡག་པོ་ཡོད། ང་རང་ཚོ་རང་གི་རྣམ་སྤྱོད་དང་རྩལ་བཏོན་དགོས་པ་དང་སྤྱི་པའི་ཐད་གང་བྱེད་དགོས་སྐོར་ཐོག་གནང་ཐུབ་ཚེ་ཡག་པོ་ཡོད་པ་རེད་ཞུ་རྒྱུ་ཡིན། དེ་རིང་གི་གྲོས་ཚོགས་འདི་ཚུགས་པའི་སྐབས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་གྲོས་ཚོགས་མ་གྲོལ་བར་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་ཕྱག་ལས་ཧ་ཅང་ཡག་པོ་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྩ་བའི་ང་ཚོའི་གྲོས་ཚོགས་འདི་ཡག་པོ་ཞིག་ཡོང་བར་ང་རང་ཚོ་ཚང་མས་མཐུན་འགྱུར་མ་གནང་ཚེ་ཡོང་རྒྱུ་མེད། འཛིན་སྐྱོང་བཀའ་ཤག་གཙོ་བོ་གྱུར་བའི་ལས་ཁུངས་ཁག་དང་། དམིགས་བསལ་གྲོས་ཚོགས་ཀྱི་ལས་དོན་བསྒྲུབ་སླད་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཆེ་ཕྲ་ཆུང་གསུམ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་གྲོས་ཚོགས་ཚུགས་སྐབས་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཚོས་ཀྱང་སྲུང་བྱ་ཧ་ཅང་གི་དོ་ནན་པོ་གནང་སོང་། དེ་བཞིན་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་གྱི་ཕྱག་ལས་གནང་མཁན་རེད། དེ་དག་ཚང་མས་ཕྱག་ལས་ཧུར་ཐག་རྦད་ཐག་གནང་སོང་། ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་རིང་གི་གྲོས་ཆོད་གྲོས་འཆར་གཅིག་གི་བརྒྱུད་སླར་ཡང་གྲོས་ཚོགས་འཕར་མ་ཞིག་ཚོགས་དགོས་ཀྱི་ཡོད། ད་ལྟའི་ཆར་ཚོགས་སྦྲེལ་པོའི་བསམ་བློ་ནང་ཕྱི་ཟླ་ ༥ ནང་འཚོགས་རྒྱུའི་བསམ་བློ་ཡོད། སྐབས་དེར་ཚང་མ་ཕེབས་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་པ་གྲོལ་བ་ཡིན། ཞེས་གསུངས། །