༄༅། །རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་གཏོར་གཏོང་བཞིན་ཡོད་པ་མ་ཟད། བོད་ནང་བོད་མི་འབུམ་ལྔ་ལྷག་བཙན་གྱིས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་པ་དང་། བོད་ཀྱི་འབྲོག་པ་རྣམས་གནས་སྤོ་བཅུག་པ་སོགས་ཀྱི་སྙན་ཐོའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་འདྲི་རྩད་གནང་འདུག
དེ་ཡང་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གི་ལོ་རེའི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་དང་འབྲེལ་བའི་རྒྱལ་སྤྱིའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་གི་གྲོས་མཐུན་ལག་བསྟར་སྐོར་གྱི་གནད་དོན་ཁག་གཅིག་གི་སྐོར་དང་། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་དང་། ཧོང་ཀོང་། མཱ་ཁའོ། རྒྱ་ནག་སྐམ་ས་ཆེན་པོ། ལྷག་པར་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྙན་ཐོ་སྐོར་འདྲི་རྩད་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་དེ་སྐོར་གནས་ཚུལ་མཁོ་སྤྲོད་ཞུ་དགོས་པའི་འབོད་སྐུལ་གནང་ཡོད།
གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་བོད་ནང་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་དང་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས་བོད་མཐོ་སྒང་གི་ཁོར་ཡུག་ཉམས་རྒུད་དུ་འགྲོ་བཞིན་པའི་སྐོར་དང་། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ལམ་ལག་བསྟར་ཅི་བྱས་སྐོར་འདྲི་རྩད་གནང་ཡོད།ཕྱོགས་མཚུངས་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ལས་དོན་ཚོགས་ཆུང་གིས་རྒྱ་ནག་ལ་མི་རིགས་དབྱེ་འབྱེད་དང་གྲངས་ཉུང་མི་རིགས་དབྱེ་འབྱེད་སྔོན་འགོག་གི་ཁྲིམས་གཞི་ལག་བསྟར་བྱས་ཡོད་མེད་དང་། རྒྱ་ནག་གཞུང་གི་ལས་ཁུངས་ཁག་དང་། ཉེན་རྟོག་པ། དམག་མིའི་ཁོངས་སུ་བོད་མིའི་སྐུ་ཚབ་ག་ཚོད་ཡོད་མེད་ཀྱི་གྲངས་ཐོ་གསར་པ་འབུལ་དགོས་པའི་དགོས་འདུན་བཏོན་གནང་བ་དང་། དེ་བཞིན་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གཞུང་གིས་བོད་མི་ཚུད་པའི་གྲངས་ཉུང་མི་རིགས་ཁག་གི་སྐྱེ་སྒོ་བཀག་པའི་གྲངས་ཐོའི་སྐོར་འདྲི་རྩད་གནང་ཡོད།
རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་རྒྱ་ནག་གཞུང་གིས་སྐད་གཉིས་སློབ་གསོའི་སྲིད་བྱུས་ཟེར་བའི་འོག་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་རྒྱུའི་ཚབ་ཏུ་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་བཞིན་པའི་སྐོར་འདྲི་རྩད་གནང་ཡོད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༡ ཟླ་ ༢ ནང་རྒྱལ་སྤྱིའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་གི་གྲོས་མཐུན་ལ་མོས་མཐུན་གྱིས་མིང་རྟགས་བཀོད་ཡོད་པ་དང་། གྲོས་མཐུན་དེ་ཕྱི་ལོ་ ༢༠༠༡ ཟླ་ ༦ ཚེས་ ༢༧ ཉིན་རྒྱ་ནག་ནང་ལག་བསྟར་ཞུ་འགོ་བཙུགས། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་རྒྱལ་ཚོགས་ཀྱི་རྒྱ་ནག་གི་ལོ་རེའི་དུས་བཀག་བསྐྱར་ཞིབ་ཐེངས་གཉིས་པའི་སྐབས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༡ ཟླ་ ༢ ནང་རྒྱལ་སྤྱིའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་གི་གྲོས་མཐུན་ལ་མོས་མཐུན་ཞུས་པའི་གྲོས་མཐུན་གྱི་དོན་ཚན་ཁག་ཇི་བཞིན་ལག་བསྟར་ཞུས་མེད་པའི་སྙན་ཐོ་རྒྱས་པ་ཞིག་རྒྱལ་ཚོགས་སུ་ཕུལ་ཡོད། །