༢༠༡༧ ཟླ་ ༧ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཉེ་བའི་ཆར་སྐབས་བཅོ་ལྔ་པའི་བཀའ་ཤག་ལྷན་ཚོགས་བསྐྱངས་པའི་གྲོས་ཆོད་ཁོངས་ནས་གསར་འགྱུར་ཁོངས་སུ་འགོད་གཏོང་བྱ་རྒྱུ་གཤམ་གསལ།
༡། ཕྱི་ལོ་ ༢༠༡༥ ལོར་ཨ་རི་བོད་མིའི་སློབ་ཡོན་ལས་འཆར་ཁོངས་ཕེབས་མཁན་སློབ་ཕྲུག་རྣམས་བསླབ་པ་མཐར་སོན་གྱིས་ཕྱིར་ལོག་ཡོང་མཁན་སློབ་མ་སོ་སོའི་ཤེས་འཇོན་ལ་གཞིགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་ལ་བཀོད་སྒྲིག་གནང་རྒྱུའི་ཐག་གཅོད་གནང་།
༢། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་ (International Tibet Network) ཕྱི་ལོ་ ༢༠༡༧ ལོའི་བྱང་ཨ་རི་དང་། ཨེ་ཤི་ཡའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུ་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡ ནས་ ༣ བར་མེ་སི་ཁོ་ (Mexico) དང་། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༩ ནས་ཟླ་ ༡༠ ཚེས་ ༡ བར་ཐའེ་ཝན་བཅས་སོ་སོར་འཚོགས་གཏན་འཁེལ་བ་དེར་ཕྱི་དྲིལ་ལས་བྱེད་གཅིག་ཚོགས་འདུ་ཁག་གཉིས་སོ་སོར་བཅར་བཞུགས་གནང་རྒྱུ་ཐག་གཅོད་གནང་།
༣། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༦ ནས་ ༨ བར་ཉིན་གསུམ་རིང་དྷ་སར་ལྔ་དང་ལྔ་བཅུའི་ལས་འཆར་སྤེལ་ཕྱོགས་སྐོར་དགོངས་འཆར་བསྡུ་ལེན་ཆེད་ཆེས་མཐོའི་མི་སྣ་ཁག་ཅིག་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན། མཁས་དབང་བཅས་ཀྱི་ལྷན་འཛོམས་ཚོགས་འདུ་ཞིག་གོ་སྒྲིག་ཞུ་རྒྱུའི་ཐག་གཅོད་གནང་།