༢༠༡༧ ཟླ་ ༧ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་དམ་པ་མཆོག་ལ་ཕྱི་ཟླ་ ༧ ཚེས་ ༢༡ རེས་གཟའ་པ་སངས་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཚོགས་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམ་པ་ཁོང་ལ་རྗེས་དྲན་དང་སྦྲགས་མྱ་ངན་གུས་འདུད་ཞུས་རྗེས་ཉེ་ལམ་ཝཱ་ཎ་མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་གནང་བའི་སྐོར་གསུང་དོན།
ཉེ་ལམ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་སྲུང་སྐྱོབ་ཡོང་སླད་རང་ལུས་མེར་སྲེག་གནང་བར་བརྟེན་ད་ཆ་ཁོང་ལྡི་ལི་སབ་ཏར་ཇངྒ་སྨན་ཁང་ Safdurjung Hospital དུ་སྨན་བཅོས་གནང་མུས་ཡིན་ཡང་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་དང་། བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རང་ལུས་མེར་སྲེག་གནང་བ་ནས་བཟུང་ཝཱ་ཎ་དབུས་བོད་ཀྱི་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་ཁོང་གི་གནས་སྟངས་སྐོར་དུས་ཐོག་གསུང་བཞིན་ཡོད། ཁ་སང་བསྟན་འཛིན་ཆོས་དབྱིངས་ལགས་ཝཱ་ཎ་སྨན་ཁང་ནས་དམིགས་བསལ་གནམ་གྲུ་བརྒྱུད་ལྡི་ལིར་སྨན་བཅོས་ཆེད་འཁྱེར་ནས་སབ་ཏར་ཇངྒ་སྨན་ཁང་དུ་སྙལ་བ་རེད། འོན་ཀྱང་དེ་རིང་སྔ་དྲོ་ཁོང་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་འདུག སྨན་པས་བརྗོད་པ་ལྟར་ན་ལུས་པོ་བརྒྱ་ཆ་ ༩༠ ཚིགས་ཡོད་པ་བརྗོད་འདུག
དེར་བརྟེན་ཚང་མས་ཁོང་ལ་ཐུགས་སྨོན་གནང་རོགས། ཁོང་གིས་བོད་དོན་སླད་རང་སྲོག་བློས་གཏོང་གནང་བར་གུས་འདུད་ཞུ་བ་དང་ཆབས་ཅིག ཁོང་གི་རྒྱལ་གཅེས་མངོན་འདོད་ལ་རྒྱབ་སྐྱོར་ཞུ། འོན་ཀྱང་བོད་མི་མི་རེ་ངོ་རེའི་ཚེ་སྲོག་ནི་རྩ་ཆེན་པོ་ཞིག་ཡིན་ཞིང་། ང་ཚོ་གསོན་པོར་གནས་པའི་ཐོག་ནས་འཐབ་རྩོད་ལ་འབད་དགོས། བོད་ནང་དུ་མཚོན་ན་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བཞིན་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་བོད་མི་ཚོས་རང་ལུས་མེར་སྲེག་མ་གཏོང་རོགས་ཞེས་ཞུ་རྒྱུའི་འགན་ཞིག་ང་ཚོར་ཡོད་སྟབས་དུས་རྟག་ཏུ་འབོད་སྐུལ་དེ་ལྟར་ཞུ་བཞིན་ཡོད། འོན་ཀྱང་རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་མི་ཚོར་བོད་ཀྱི་རྩ་དོན་བསྒྲུབ་ཆེད་ཐབས་ལམ་འདྲ་མིན་སྣ་ཚོགས་ཡོད། ཅེས་གསུངས།
སྤྱིར་དེ་རིང་སྔ་དྲོ་ལྡི་ལི་སྐུ་ཚབ་དོན་གཅོད་བྲོང་ཆུང་དངོས་གྲུབ་མཆོག་གིས་སྨན་ཁང་དུ་ཕེབས་ནས་རྒྱལ་གཅེས་པ་ཁོང་གི་གནས་སྟངས་ལ་ཐུགས་ཞིབ་གནང་བ་མ་ཟད། བཀའ་ཤག་ངོས་ནས་མཐུན་འགྱུར་རོགས་རམ་ཇི་དགོས་གནང་རྒྱུ་ཡིན་སྐོར་བཅས་གསུངས།།