༢༠༡༧ ཟླ་ ༦ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཉེ་ཁྲིས་སུ་ཡོད་པའི་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་ས་གནས་སྨན་ཁང་འགན་འཛིན་དང་སྨན་ཞབས་པ་ཚོར་སྤྱི་ཚོགས་འཕྲོད་བསྟེན་འབྲེལ་ལམ་དང་འབྲེལ་བའི་ཟབ་སྦྱོང་དེ་ལེགས་པར་མཇུག་སྒྲིལ་འདུག
དེ་ཡང་ཟབ་སྦྱོང་སྐབས་བོད་མིའི་གཞིས་ཆགས་ཁག་ ༡༤ ནས་སྨན་ཁང་འགན་འཛིན་དང་སྨན་ཞབས་པ་བཅས་ཁྱོན་ཚོགས་བཅར་བ་གྲངས་ ༡༤ མཉམ་ཞུགས་གནང་ཡོད་པ་མ་ཟད། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཁག་གཅིག་དང་ལས་བྱེད་གྲངས་ ༥ ཚོགས་བཅར་ཞུས་ཡོད།
ཟབ་སྦྱོང་སྐབས་ཚོགས་བཅར་བ་རྣམས་ལ་གནས་སྟངས་ཞིབ་འཇུག་དང་བརྗོད་གཞི་ཨ་མ་ཞིག་བཟོས་ནས་དེའི་ཐོག་གཏམ་བཤད་སྤེལ་སྟངས། གཞི་རྩའི་ཟབ་སྦྱོང་སྐབས་འདིར་འཕྲོད་ལས་པ་རྣམས་ལ་མང་ཚོགས་ཁྲོད་འཕྲོད་བསྟེན་ལས་གཞི་གོ་རྟོགས་སྤེལ་སྐབས་སྤྱི་ཚོགས་ཀྱི་དགོས་མཁོར་འཚམས་པའི་དྲིལ་བསྒྲགས་ཡིག་ཆ་དང་། སྦྱར་ཡིག ལྟེབ་ཤོག་སོགས་བཟོ་བཀོད་གནང་ཕྱོགས་ཐད་ལམ་སྟོན་གནང་ཡོད། ཐེངས་འདིར་ཟབ་སྦྱོང་སྐབས་ཟབ་འཁྲིད་གནང་མཁན་སྐུ་ཞབས་ལྦི་ཀ་སི་ Mr Vikas ལགས་དང་ལྕམ་ནུར་ Miss Noor ལགས་ཡིན་འདུག
ཟབ་སྦྱོང་ཉིན་མཐའ་མའི་སྐབས་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་ལགས་ཀྱིས་མཇུག་སྡོམ་གསུང་བཤད་སྐབས་འཕྲོད་ལས་པ་རྣམས་གལ་ཆེན་པོ་ཡིན་སྐོར་དང་། ལྷག་པར་བོད་མིའི་སྤྱི་ཚོགས་ཁྲོད་གལ་གནད་ཆེན་པོ་ཇི་ཙམ་ཆགས་མིན་སྐོར་གསུངས་པ་མ་ཟད། སྤྱི་ཚོགས་འཕྲོད་བསྟེན་འབྲེལ་ལམ་དང་འབྲེལ་བའི་སྐོར་དང་འཕྲོད་ལས་པའི་བྱེད་སྒོའི་ཐོག་ཀྱང་གསུང་ཡོད་པ་བཅས། །