༢༠༡༧ ཟླ་ ༦ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༧ དང་ ༢༨ བཅས་ཉིན་གྲངས་གཉིས་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gere མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཨ་རིའི་གྲོས་ཚོགས་ཀྱི་ལས་ཁུངས་ཁག་ལ་བཅར་ནས་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ལ་བོད་དོན་རྒྱབ་སྐྱོར་གྱི་ཞུ་གཏུག་ལས་འགུལ་རྒྱ་ཆེ་སྤེལ་འདུག ལྷག་པར་ད་ལྟའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊོམ་མཆོག་གི་སྲིད་གཞུང་ནས་འཆར་ལོའི་སྔོན་རྩིས་ནང་བཙན་བྱོལ་བོད་མིའི་ལས་འཆར་དང་འབྲེལ་བའི་རོགས་དངུལ་ཀླད་ཀོར་ཀྱི་སྲིད་བྱུས་གཏན་འབེབས་གནང་འཆར་ལ་བསྐྱར་ཞིབ་གནང་ནས་དེ་སྔ་ལྟར་བོད་མི་ཚོའི་ལས་འཆར་ཐོག་རོགས་དངུལ་མུ་མཐུད་སྐྱབས་འཇུག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་པ་མ་ཟད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་རྒྱུ་དང་། གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ཨར་རྒྱ་ཡུལ་གཉིས་གོ་སྐབས་བརྗེ་ལེན་གྱི་སྲིད་བྱུས་འོག་བོད་ནང་ཨ་རིའི་གཞུང་འབྲེལ་མི་སྣ་དང་། རང་དབང་ཅན་གྱི་གསར་འགྱུར་ཚན་པ། དེ་བཞིན་ཨ་རིའི་ཡུལ་མི་སོགས་རང་དབང་ཐོག་ནས་བསྐྱོད་ཆོག་པའི་གྲོས་འཆར་བཏོན་ཟིན་པ་ལྟར་གཞུང་འབྲེལ་གྲོས་ཆོད་དུ་གཏན་འབེབས་གནང་ཆེད་ཞུ་གཏུག་གི་ལས་འགུལ་རྒྱ་ཆེ་སྤེལ་འདུག
ཚོགས་ཆུང་གི་ཚོགས་མི་རྣམས་ནི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེཐིའུ་མེ་ཁ་ཅི་ Matteo Mecacci ལགས། འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། ལས་འཆར་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་ཚེ་རིང་བཀྲ་ཤིས་ལགས་བཅས་ཡིན་འདུག
ཐེངས་འདིར་ཁོང་རྣམ་པས་ཉིན་གཉིས་རིང་གྲོས་ཚོགས་གོང་འོག་གི་འཐུས་མི་ཁྱོན་མི་གྲངས་ ༡༥ དང་མཇལ་འཕྲད་ཞུས་འདུག ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཚོགས་ཆུང་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་རོ་སི་ལེ་ཊི་ནེན་ Ros-Lehtinen (R-FL) མཆོག་དང་། སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern (D-MA) མཆོག ཊེཌ་ཡོ་ཧོ་ Ted Yoho (R-FL) མཆོག ཊེཌ་ཌུཆ་ Ted Duetsch (D-FL) མཆོག སྐུ་ཞབས་སི་ཊེབ་ཅ་བྷོཊ་ Steve Chabot (R-OH) མཆོག སྐུ་ཞབས་བྷ་རཌ་ཤར་མན་ Brad Sherman (D-CA) མཆོག་བཅས་དང་མཇལ་འཕྲད་ཞུས་འདུག
དེ་རྗེས་སྐུ་ཚབ་ཚོགས་ཆུང་གིས་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧེ་རོལ་རོ་ཇར་སི་ Harold Rogers མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ནི་ཏ་ལོ་ཝེ་ Nita Lowey མཆོག སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་ Betty Mc Collum མཆོག་བཅས་དང་མཇལ་འཕྲད་གནང་འདུག སྐབས་དེར་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམ་པས་ཕྱི་ལོ་ ༢༠༡༧ ལོའི་བོད་དོན་རྒྱབ་སྐྱོར་གྱི་ལས་འཆར་ཁག་མུ་མཐུད་འགྲོ་ཐུབ་རྒྱུར་འབད་བརྩོན་གནང་རྒྱུའི་ཁས་ལེན་གནང་འདུག
སྤྱིར་ཨ་རིའི་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་ནང་གི་སྤྱི་དམངས་དང་མང་གཙོ་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་དང་། ཨ་རིའི་གྲོས་ཚོགས་གོང་འོག་གི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༡༨ ལོའི་སྔོན་རྩིས་གཏན་འབེབས་མ་བྱུང་བར་མུ་མཐུད་ཞུ་གཏུག་གནང་འཆར་ཡོད་འདུག
ཕྱོགས་མཚུངས་ཕྱི་ཚེས་ ༢༨ ཉིན་ཚོགས་ཆུང་གིས་གྲོས་ཚོགས་གོང་མའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་ Patrick Leahy མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་བྷར་ནི་སེན་ཌར་སི་ Senator Bernie Sanders མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇུ་ཌི་ཅུ་ Judy Chu མཆོག་བཅས་དང་མཇལ་འཕྲད་གནང་འདུག །