ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་གར་བལ་ཡུལ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བཀའ་ཤག་ནས་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་གཙོ་ཟུར་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་བལ་ཡུལ་དོན་གཅོད་ཁང་གི་འབྲེལ་མཐུད་པར་བསྐོ་གཞག་གནང་དོན་བཞིན། ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༡ ཉིན་བལ་ཡུལ་དོན་གཅོད་ཁང་གི་འབྲེལ་མཐུད་གསར་རྙིང་འཕོ་ལེན་གྱི་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད།
སྐབས་དེར་དཔལ་ལྡན་བཀའ་ཤག་གི་སྐུ་ཚབ་རྩིས་སྤྲོད་རྩིས་ལེན་གྱི་སྤྲོད་དཔང་ཕྱི་དྲིལ་ལས་ཁུངས་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དོན་ཁང་གི་འབྲེལ་མཐུད་པ་གསར་རྙིང་གཉིས། གཞན་ཡང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྣམ་པ་དང་ས་གནས་འགོ་འཛིན་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྣམ་པ། སློབ་གྲྭ་ཁག་གི་དབུ་འཛིན་རྣམ་པ། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་ཁྱོན་མི་མང་ལྔ་བཅུ་ལྷག་ཙམ་བལ་ཡུལ་དོན་ཁང་གི་ཚོགས་ཁང་ནང་འདུ་འཛོམས་གནང་རྗེས་དོན་གཅོད་དྲུང་ཆེས་མཛའ་བརྩེ་ལྡན་པའི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས།
དེ་ནས་དཔལ་ལྡན་བཀའ་ཤག་གི་སྐུ་ཚབ་རྩིས་སྤྲོད་རྩིས་ལེན་གྱི་སྤྲོད་དཔང་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྩིས་སྤྲོད་རྩིས་ལེན་དང་འབྲེལ་བའི་གསུང་བཤད་གནང་གྲུབ་མཚམས་འབྲེལ་མཐུད་པ་གསར་རྙིང་གཉིས་ནས་གསུང་བཤད་གནང་། དེ་རྗེས་བལ་ཡུལ་དོན་གཅོད་ཁང་གི་ལས་བྱེད་ཐུན་མོང་ནས་དེ་སྔའི་འབྲེལ་མཐུད་པ་རྟ་མགྲིན་རྡོ་རྗེ་ལགས་སུ་དྲན་རྟེན་ཕྱག་རྟགས་ཕུལ་ཏེ་གཞུང་འབྲེལ་མཛད་སྒོ་མཇུག་སྒྲིལ་ཡོད་པ་བཅས།།