༢༠༡༧ ཟླ་ ༥ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་རྒྱ་གར་གྱི་ཆབ་སྲིད་པ་སྐུ་ཞབས་ཝི་ནོད་ཁནྣ་ Vinod Khanna ལགས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༧ ཉིན་སྐུ་ཚེའི་འཕེན་པ་རྫོགས་ཡོད་སྟབས་དམ་པ་ཁོང་གི་སྐུ་ཟླར་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་བའི་ནང་འཁོད་དོན།
ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཀྱི་སྐུ་ཟླ་སྐུ་ཞབས་ཝི་ནོད་ཁནྣ་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཧ་ཅང་བློ་ཕམ་དང་བཅས་དམ་པ་ཁོང་ལ་རྗེས་དྲན་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༠༥ ཟླ་ ༡༢ ནང་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་ས་ལྡི་ལིར་ཆེ་བསྟོད་ཞུས་པའི་མཛད་སྒོའི་ཐོག་དམ་པ་ཁོང་ཡང་མཉམ་ཞུགས་གནང་ཡོད། དུས་སྐབས་དེ་ནས་བཟུང་དམ་པ་ཁོང་གིས་རྒྱལ་ས་ལྡི་ལིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་པ་དང་ལྷན་མཇལ་འཕྲད་ཐེངས་མང་གནང་ནས་བོད་མིར་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་མཁན་ཞིག་ཆགས་ཡོད།
ཕྱོགས་མཚུངས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་པ་དང་ལྷན་མཇལ་འཕྲད་སྐབས་དམ་པ་ཁོང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་གནང་མྱོང་ཡོད། དེར་བརྟེན་ད་ཆ་དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པ་དེ་ནི་ང་ཚོ་བོད་མི་རྣམས་ལ་རིན་ཐང་བྲལ་བའི་གྲོགས་པོ་ཞིག་མེད་པར་གྱུར་བ་མ་ཟད། རྒྱ་གར་གློག་བརྙན་མཐུན་ཚོགས་དང་རྒྱ་གར་གཞུང་ལའང་གསབ་ཏུ་མེད་པའི་གྱོང་གུན་ཕོག་པ་ཞིག་ཡིན་པ་སྨྲོས་མེད་རེད།
སྐུ་ཉིད་དང་སྐུ་ཉིད་ཀྱི་ནང་མིར་དཀའ་ཚེགས་ཧ་ཅང་ཆེ་བའི་དུས་སྐབས་འདིར་ངས་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་གདུང་སེམས་མཉམ་སྐྱེ་དང་སྦྲགས་དམ་པ་ཁོང་རྗེས་དྲན་ཐོག་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།